ཨ་མདོ་རྔ་པ་ཁུལ་གྱི་བོད་མི་ཞིག་ལ་བཙོན་འཇུག་ཁྲིམས་ཐག།
2010.01.16
༄༅༎ཕྱི་ལོ་༢༠༠༨ལོར་བོད་རྒྱལ་ཡོངས་ཀྱི་ནང་བོད་མིའི་ཞི་བའི་སྒེར་ལངས་གནང་པའི་སྐབས་རྒྱ་མིས་འཛིན་བཟུང་བྱས་པའི་བོད་མདོ་སྨད་ཨ་མདོ་རྔ་པ་ཁུལ་གྱི་བོད་མི་སྒྲོལ་མ་རྣམ་རྒྱལ་ལགས་ལ་ཏ་ལའི་རུ་ཚོགས་ཀྱི་ཁ་བྲལ་བ་དང་འབྲེལ་བ་ཡོད་པའི་ནག་ཉེས་བཙུགས་ཏེ། ཁོང་ལ་ལོ་དྲུག་རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག
སྒྲོལ་མ་རྣམ་རྒྱལ་ལགས་ནི་རྔ་པ་ཁུལ་གྱི་ཨ་འབྲུག་དཔོན་ཚང་གི་མག་པ་ཡིན་པ་དང༌ཉེ་ཆར་ཟླ་བ་འདིའི་ཚེས་༡༤ཉིན་སྒྲོལ་མ་རྣམ་རྒྱལ་ལགས་སུ་ལོ་དྲུག་རིང་གི་བཙོན་འཇུག་ཉེས་ཆད་གཏོང་རྒྱུའི་བཀའ་བཅད་བཏང་བའི་ཉིན་མ་གཏོགས། སྒྲོལ་མ་རྣམ་རྒྱལ་ལགས་༢༠༠༨ནས་ད་བར་ག་བར་ཡོད་མེད་ཁོ་རང་ནང་མི་སྤུན་མཆེད་ཚོས་རྩ་བ་ནས་ཤེས་རྟོགས་བྱུང་མེད་པ་རེད།
༢༠༠༨ལོར་བོད་ནང་རྒྱ་གཞུང་གི་དབང་བསྒྱུར་ལ་བོད་མི་ཚོས་ཞི་བའི་ངོ་རྒོལ་སྒེར་ལངས་གནང་བའི་གནས་ཚུལ་བྱུང་སྐབས་བོད་ནང་གི་གནས་ཚུལ་ཤེས་རྟོག་ཆེད་བཞུགས་སྒར་རྡ་རམ་ས་ལའི་ཀིརྟི་དགོན་པས་བཙུགས་གནང་བའི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་ད་ལྟའི་སྐབས་འདིར་སྒྲོལ་མ་རྣམ་རྒྱལ་ལགས་ཟི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་ཁྲིན་ཏུའི་ནང་གི་པིན་ཅང་བཙོན་ཁང་ནང་ཡོད་སྐོར་དེ་རིང་འགྲེལ་བརྗོད་གནང་བཞག།