བཞུགས་སྒར་དུ་རབ་གནས་ཤིང་སྦྲུལ་ལོའི་གནམ་ལོ་གསར་དུ་ཚེས་པར་དཔལ་ལྡན་དམག་ཟོར་རྒྱལ་མོར་ཚེས་གཏོར་གྱིས་མཚོན་པའི་ཆོས་ཕྱོགས་ཀྱི་རྣམ་པའི་སྒོ་ནས་ལོ་སར་སྲུང་བརྩི་ཞུས་སོང་།

2025.02.28
བཞུགས་སྒར་དུ་རབ་གནས་ཤིང་སྦྲུལ་ལོའི་གནམ་ལོ་གསར་དུ་ཚེས་པར་དཔལ་ལྡན་དམག་ཟོར་རྒྱལ་མོར་ཚེས་གཏོར་གྱིས་མཚོན་པའི་ཆོས་ཕྱོགས་ཀྱི་རྣམ་པའི་སྒོ་ནས་ལོ་སར་སྲུང་བརྩི་ཞུས་སོང་། ལོ་གསར་གྱི་སྡེར་མཆོད། ༢༠༢༥།༠༢།༢༨
CTA

བོད་རྒྱལ་ལོ་༢༡༥༢རབ་གནས་ཤིང་སྦྲུལ་ལོའི་ལོ་སར་ཚེས་པ་གཅིག་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་འདོད་ཁམས་བདག་མོ་དཔལ་ལྡན་དམག་ཟོར་རྒྱལ་མོ་དང་བོད་སྐྱོང་ལྷ་སྲུང་རྣམས་ལ་དམིགས་པའི་ཚེས་གཏོར་དང་སྦྲགས་གཞུང་འབྲེལ་ལོ་སར་ཆོས་ཕྱོགས་ཀྱི་རྣམ་པའི་སྒོ་ནས་སྲུང་བརྩི་ཞུས་སོང་། 

བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་ལོ་སར་ཚེས་པ་གཅིག་སྟེ་སྤྱི་ཟླ་༢པའི་ཚེས་༢༨ཉིན། འཆར་ཅན་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་གནང་སྟེ། གམ་བཅར་རྣམ་རྒྱལ་གྲྭ་ཚང་གིས་འདོད་ཁམས་བདག་མོ་དཔལ་ལྡན་དམག་ཟོར་རྒྱལ་མོ་དང་བོད་སྐྱོང་ལྷ་སྲུང་རྣམས་ལ་དམིགས་པའི་ཚེས་གཏོར་འཚོགས་གནང་བར། སྔར་ལམ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་སོགས། གཞུང་ཞབས་ཆེ་ཕྲ་འཚེམ་ལུས་མེད་པར་བཅར་ཏེ་ལོ་སར་ཚེས་གཅིག་གི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་སྲུང་བརྩི་གནང་ཡོད་ནའང་། ཉེ་ལམ་བོད་ནང་གི་ལ་སྟོད་དིང་རི་ས་གནས་སུ་ས་ཡོམ་གྱི་རྐྱེན་པས་བོད་མི་མང་པོ་རྐྱེན་ལམ་དུ་ཕྱིན་པ་སོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། །བཀའ་ཤག་གིས་ལོ་སར་སྐབས་རྐང་བྲོ་གླུ་གཞས་སོགས་གཞས་སྣ་འཁྲབ་སྟོན་བྱེད་པར་མི་མང་གིས་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་ཞུས་ཟིན་པ་བཞིན། འདི་ལོའི་ལོ་སར་ལ་དགའ་དགའ་སྤྲོ་སྤྲོ་མ་གནང་བའི་ཐོག་ནས་སོ་སོའི་སྐུ་གཟུགས་ལ་བདག་སྐྱོང་དང་། བོད་ཕྱི་ནང་གི་བོད་མི་རྣམས་རྡོག་སྒྲིལ་ཏེ་རང་དབང་འཐབ་རྩོད་ལ་ཤུགས་རྒྱོབས་ཤིག་ཅེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་འགྲེལ་བརྗོད་གནང་གི་འདུག

481164403_661792542876224_820776370367235426_n.jpg
ཚོགས་བཅར་བ་རྣམས་ནས་ཞལ་འདོན་གསུང་བཞིན་པ།

རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་ངག་དབང་འཇིགས་མེད་ལགས་ནས། ལོ་སར་ཚེས་གཅིག་ལ་དཔལ་ལྡན་དམག་ཟོར་རྒྱལ་མོ་དང་བོད་སྐྱོང་ལྷ་སྲུང་ཚོར་མཆོད་གཏོར་འབུལ་སྲོལ་ནི། ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པ། བཀྲ་ཤིས་ལམ་འགྲོ་ཡོང་བའི་ཆེད་ཡིན་པ་ངོ་སྤྲོད་གནང་གི་འདུག དེ་བཞིན་བོད་མི་ངག་དབང་ཐོས་བསམ་ལགས་ནས་ཡུན་རིང་བཞུགས་སྒར་དུ་བཅར་རྒྱུ་མ་བྱུང་བར་བརྟེན། གྲྭ་ཚང་ཕན་བདེ་ལེགས་གླིང་གིས་འཆར་ཅན་ལྷ་མོའི་ཚེས་གཏོར་གནང་སར་སོ་སོ་བཅར་ཐུབ་པར་ཧ་ཅང་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་བྱུང་། 

བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་མཆོད་མཇལ་དང་ཚེས་གཏོར་དུ་ཡོང་བའི་བསྟན་འཛིན་ཡིད་འཕྲོག་ལགས་ནས། ཆར་པ་ཧ་ཅང་ཤུགས་ཆེན་པོ་འབབ་ཀྱིན་འདུག་པས་ཁང་པའི་ནང་བསྡད་བཞག་བསམ་སོང་སྟེ། ལོ་གཅིག་ལ་ལོ་སར་ཐེངས་མ་གཅིག་མ་གཏོགས་མེད་པས་བོད་ཆས་ཀྱི་གཟབ་འཕྱོར་སྤྲས་ཏེ་ཆེད་དུ་ཡོང་བ་འགྲེལ་བརྗོད་གནང་གི་འདུག་ལ། དེ་མཚུངས་བོད་མི་གཞོན་སྐྱེས་བསྟན་འཛིན་བློ་བཟང་ལགས་ནས་བོད་ཕྱི་ནང་གི་བོད་མི་ཚོར་ལོ་སར་གྱི་འཚམས་འདྲི་དང་ཆབས་ཅིག དམིགས་བསལ་བོད་ནང་གི་བོད་མི་ཚོས་རེ་བ་མ་བརླག་རོགས་ཞེས་འབོད་སྐུལ་གནང་སོང་།

བོད་ཀྱི་ལོ་སར་ནི་བོད་རྒྱལ་དགུ་བ་སྤུ་དེ་གུང་རྒྱལ་གྱི་རིང་། ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་མཚུངས་དཔྱིད་མགོ་ཚུགས་པའི་དགའ་སྟོན་ནས་དབུ་བཙུགས་ཏེ། ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་གྱི་དུས་སྟོན་གལ་ཆེ་ཤོས་ཤིག་ཆགས་ཡོད་ནའང་། འདི་ལོ་བོད་ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེན་བྱུང་བ་དང་། ལྷག་པར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་དགོངས་པ་རྫོགས་པ་སོགས་ལ་བརྟེན། བཙན་བྱོལ་ནང་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་ཁག་མ་གཏོགས། རྐང་བྲོ་གླུ་གཞས་སོགས་ནམ་རྒྱུན་གྱི་དགའ་དགའ་སྤྲོ་སྤྲོའི་ལོ་སར་དགའ་སྟོན་གནང་གི་མེད་པ་རེད། །

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎