བོད་ཀྱི་གནད་དོན་གལ་ཆེར་གླེང་ཐབས་སུ་འབད་རྩོན་བྱ་རྒྱུ་ཡིན།
2016.04.29
བཙན་བྱོལ་བོད་མིའི་སྲིད་སྐྱོང་ལ་བསྐྱར་དུ་འོས་བདམས་བྱུང་བའི་ལས་ཐོག་སྲིད་སྐྱོང་མཆོག་ནས། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གལ་ཆེར་གླེང་ཐབས་སུ་འབད་རྩོན་བྱ་རྒྱུའི་ཁས་ལེན་གནང་ཡོད་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་སྐབས། རྒྱ་ནག་གི་ཕྱི་དྲིལ་སྟོབས་ཤུགས་དེ་བཞིན་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གླེང་སློང་བྱ་རྒྱུར་གདོང་ལེན་བྱ་དགོས་པའི་གནད་དོན་ཞིག་ཡིན་པ་དང་། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཀྱིས་རྒྱ་ནག་གི་ཆབ་སྲིད་དང་། དཔལ་འབྱོར་གཉིས་ཀྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན་རྒྱལ་སྤྱིའི་ཐོག་བོད་དོན་སྐོར་གླེང་སློང་བྱ་རྒྱུར་དཀའ་ངལ་ངེས་ཅན་ཞིག་འཕྲད་ཀྱི་ཡོད་པ་དང་། ནུབ་ཕྱོགས་ཡུལ་གྲུའི་ནང་གནད་དོན་ཁག་ཅིག་གི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལས་དཔལ་འབྱོར་གྱི་གནད་དོན་དེ་གལ་འགངས་ཆེ་བ་ཞིག་ཆགས་བཞིན་ཡོད་པ་རེད་ཅེས་གསུངས་འདུག
དེ་བཞིན་སྲིད་སྐྱོང་མཆོག་ནས་ཆབ་སྲིད་ཐོག་ནས་བོད་ནང་གི་བོད་མིའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་གཙོ་བོ་ཡིན་པ་དང་། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་རྒྱལ་སྤྱི་དང་བོད་པའི་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ། ལྷག་པར་རྒྱ་ནག་གཞུང་མང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གོ་དོན་རྟོགས་ཐུབ་པ་བཟོ་རྒྱུ་མ་ཟད། བོད་རྒྱ་འབྲེལ་མོལ་བྱུང་བའི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐུབ་པ་དང་། མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་ནི། ང་ཚོའི་ཆབ་སྲིད་ཀྱི་རྩ་ཆེའི་འགན་ཞིག་ཡིན་པར་བརྟེན་སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བརྒྱུད་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱ་རྒྱུ་ནི་ང་ཚོའི་ཆབ་སྲིད་ཀྱི་འགན་ཆེ་ཤོས་དེ་ཡིན་པ་སོགས་གསུངས་འདུག།
གསར་འགོད་པ་འཆི་མེད།