འགན་ལེན་མ་གནང་ཚེ་རྣམ་འགྱུར་སྟོན་ངེས་ཡིན་ཟེར།
2016.09.22
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིང་འབྲོག་སློབ་མ་ཚོར་དཀའ་ངལ་འཕྲད་བཞིན་པ་དང་དེར་འགན་ལེན་གནང་རྒྱུའི་རེ་ཞུ་གནང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ལན་ཀྲོའུ་གྲོང་ཁྱེར་ལ་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནང་གི་རྒྱུན་མཐུད་སློབ་གསོ་དང་ལས་རིགས་སློབ་གསོའི་སློབ་གླིང་གི་མིང་བསྒྱུར་ནས་གནས་སྤར་བ་དང་། སློབ་གླིང་གི་འགོ་ཁྲིད་འཕོ་འགྱུར་བཏང་བ། སློབ་ཡོན་ཇེ་མཐོར་བཏང་བ་སོགས་ཀྱི་རྐྱེན་པས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་སློབ་མ་ཚོར་དཀའ་ངལ་འཕྲད་བཞིན་པ་རེད།
འདི་ག་རླུང་འཕྲིན་ཁང་ལ་འབྱོར་བའི་ཡིག་ཆ་ལྟར་ན། ད་ཡོད་སློབ་མ་ཚོས་བོད་ཡིག་ཚན་ཁག་གི་དགེ་རྒན་རྣམས་ལ་རེ་སྐུལ་གྱི་སྙན་ཞུ་ཞིག་ཕུལ་བའི་ནང་། བོད་ཡིག་ཚན་ཁག་ནས་ད་བར་དུ་བོད་ཡིག་ཆེད་སྦྱོང་སློབ་མའི་ཁྲོད་ཞིབ་མཇུག་དང་འབུམ་རམས་པར་རྒྱུགས་འཕྲོད་མཁན་དང་སྤྱི་ཚོགས་ཐོག་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན། མཁས་པ་དང་ཤེས་ཡོན་ཅན་མང་པོ་བྱུང་མྱོང་ཡོད་ཀྱང་ལོ་འགའ་ཤས་སྔོན་ནས་ལོ་རེ་མ་འདས་པར་སློབ་ཡོན་རིམ་པས་མཐོ་རུ་བཏང་བ་དང་། དགེ་རྒན་དང་སློབ་མའི་སྤུས་ཚད་ཀྱང་ཇེ་ཞན་དུ་སོང་ཡོད་པའི་སྐོར་བཀོད་འདུག་ལ་དགེ་རྒན་ཚོས་ཁོང་ཚོའི་བསམ་འཆར་ལ་བདག་སྤྲོད་གནང་དགོས་པའི་རྒྱུ་མཚན་བཞི་བཀོད་ཡོད་པ་ནི། སློབ་གླིང་རྙིང་པ་གནས་ཡུལ་ནས་ས་གནས་གསར་པར་བཙན་དབང་གིས་སྤོ་རུ་བཅུག་པ་མ་ཟད། ཉལ་ཁང་དང་སློབ་ཁྲིད་དགེ་རྒན་བཀོད་སྒྲིག་བྱས་མེད་པ་དང་། ད་དུང་སློབ་ཡོན་ན་ནིང་ལས་མང་བ་སྤར་ཡོད་པ། འདི་ལོ་གསར་དུ་ཞུགས་པའི་སློབ་མ་རྣམས་ཀྱིས་སློབ་ཡོན་ཚད་ལས་བརྒལ་བ་སྤྲོད་དགོས་པའི་ཁར་དགེ་རྒན་དང་སློབ་སྦྱོང་གི་ཁོར་ཡུག་སོགས་ཕྱོགས་ཡོངས་ནས་ཇེ་ཞན་དུ་བཏང་ཡོད་པའི་སྐོར་དང་། གལ་ཏེ་དགེ་རྒན་གྱི་ངོས་ནས་མི་འགྱངས་བར་བསམ་འཆར་དེར་ལན་ཞིག་མ་བྱུང་ཚེ་སློབ་མ་དག་གིས་རྣམ་འགྱུར་སྟོན་རྒྱུ་ཡིན་པའི་སྐོར་སོགས་བཀོད་ཡོད་པ་རེད་།
ལྷག་དོན་ཉེ་ཆར་སློབ་མ་རྣམས་དངོས་སུ་སློབ་གྲྭར་འབྱོར་ཏེ་ཐོ་འགོད་བྱེད་དུ་བསྐྱོད་པའི་སྐབས་སློབ་ཕྲུག་གསར་པ་གཅིག་གི་སློབ་ཡོན་རྒྱ་སྒོར་༨༢༢༠་སྤྲོད་དགོས་བྱུང་ཡོད་པ་དང་། གློ་བུར་སློབ་ཡོན་ཇེ་མཐོར་སོང་བས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བོད་ཕྲུག་ཚོར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པ་རེད།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཆེན་མོ་ཐོག་མ་ཡིན་ལ། སྤྱི་ལོ་༡༩༤༩་ལོའི་ཟླ་༧་པར་ལས་དོན་གྱི་དགོས་མཁོ་དང་ཡང་སྒོས་ནུབ་བྱང་བོད་རིགས་ས་ཁུལ་དུ་ཆབ་སྲིད་ལས་བྱེད་གསོ་སྐྱོང་བྱ་བར་དམིགས་ཏེ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་རྐང་དམག་དམག་སྡེ་དང་པོ་དང་། ཀན་སུའུ་ཞིང་ཆེན་དམག་དོན་དོ་དམ་ཚོགས་པ་ཟུང་ནས་ནུབ་བྱང་ས་ཁུལ་གྱི་གྲོང་ཁྱེར་ལན་ཀྲོའུ་རུ་བོད་རིགས་གནད་དོན་ཞིབ་འཇུག་འཛིན་གྲྭ་གཉེར་བ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ས་བོན་ལྟ་བུ་ཡིན་འདུག།
གསར་འགོད་པ་ཉི་མ་གཡུ་སྒྲོན་དང་ཀླུ་འབུམ།