སློབ་གྲའི་དགུང་སེང་དང་བསྟུན་བོད་ཡིག་ཟུར་སྦྱོང་སློབ་ཁྲིད།
2012.05.31
༄༅༎རྒྱ་གར་ནང་སློབ་གྲའི་གུང་སེང་དང་སྟབས་བསྟུན་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ནང་སློབ་ཕྲུག་ཚོར་ཟུར་སྦྱོང་བོད་ཡིག་སློབ་འཁྲིད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་གར་ལྷོ་ཕྱོགས་སྦེ་ལེ་ཀུ་པེ་ ལུགས་གསུམ་བསམ་གྲུབ་གླིང་མཉམ་འབྲེལ་དང་ ཁུལ་དེའི་ནང་རྟེན་གཞི་བྱས་པའི་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་གཉིས་ཀྱིས་ ས་གནས་ཉིན་མོའི་སློབ་གྲྭ་ཁག་གི་གུང་སེང་དང་སྟབས་བསྟུན་ སློབ་ཕྲུག་ཚོར་བོད་ཡིག་རང་སྦྱོང་འཛིན་གྲྭ་རེ་གོ་སྒྲིག་བྱས་སྐོར་བོད་ཀྱི་བང་ཆེན་གསར་ཤོག་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག་ གོང་གསལ་གསར་ཤོག་གིས་ བོད་ཡིག་ཟུར་སྦྱོང་གི་འཛིན་གྲྭའི་སྐོར་ ལུགས་བསམ་མཉམ་འབྲེལ་ཚོགས་གཞོན་སྦྱིན་པ་ལགས་སུ་གནས་འདྲི་ཞུས་འདུག་པར་ སྦྱིན་པ་ལགས་ཀྱིས་ངོ་སྤྲོད་གནང་པར་གཞིགས་ན་ ལུགས་བསམ་མཉམ་འབྲེལ་དང་ གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་གཉིས་ཀྱིས་ ས་གནས་ཀྱི་ཉིན་མོའི་སློབ་གྲྭའི་གུང་སེང་དང་བསྟུན་ནས་ སློབ་ཕྲུག་ཚོའི་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་དང་ བོད་ཡིག་ཡར་རྒྱས་ཡོང་ཐབས་སུ་དམིགས་ནས་ ཕྱི་ཟླ་༥ པའི་ཚེས་༧ ནས་ཟླ་༦ པའི་ཚེས་༧ བར་ཉིན་ལྟར་སྔ་གོང་བོད་ཡིག་རང་སྦྱོང་གི་འཛིན་གྲྭ་འཚུགས་རྒྱུའི་ལས་གཞི་གོ་སྒྲིག་ཞུས་ཡོད་པ་དང་ ཟུར་སྦྱོང་གི་འཛིན་གྲའི་ནང་ སློབ་ཕྲུག་ཉུང་མཐར་ ༦༠ ནས་༨༠ ཉིན་ལྟར་མཉམ་བཞུགས་ཡོང་གི་པ་མ་ཟད་ སློབ་ཕྲུག་མང་ཆེ་བའི་དོ་སྣང་ཡང་ཆེན་་པོ་བྱེད་ཀྱི་སྐོར་འགྲེལ་བརྗོད་བྱས་འདུག་ ཡང་ གང་ལྗོངས་རང་བདེན་རྩོད་ལེན་ཚོགས་པའི་ཚོགས་གཙོ་གྲྭ་ཚེ་དབང་ལགས་ཀྱིས་གསུངས་ན་ བོད་ཡིག་རང་སྦྱོང་གི་ལས་གཞི་འདི་ལོ་གཉིས་གསུམ་གོང་ནས་འགོ་འཛུག་བྱས་པ་ཞིག་དང་ སློབ་ཕྲུག་དང་ཕ་མ་གཉིས་ཕྱོགས་ནས་ཟུར་སྦྱོང་ལ་དོ་སྣང་བྱས་་པ་མ་ཟད་ ཕན་རླབས་ཆེན་པོ་ཡོང་གི་ཡོད་པར་ངོས་འཛིན་གནང་གི་འདུག་ ཟུར་སྦྱོང་བོད་ཡིག་འཛིན་གྲྭའི་དམིགས་ཡུལ་དེ་གཙོ་བོ་ སློབ་ཕྲུག་ཚོའི་བོད་ཡིག་གི་ཤེས་ཚད་དང་ཀུན་སྤྱོད་ཡར་རྒྱས་གཏོང་བའི་དམིགས་དོན་གནང་བ་དང་ མ་འོངས་པར་ཡང་བོད་ཡིག་ཟུར་སྦྱོང་གི་འཛིན་གྲ་འདི་བཞིན་མུ་མཐུད་འཚུགས་རྒྱུའི་རེ་བ་བཞེས་ཀྱི་ཡོད་སྐོར་གསལ་འདོན་གནང་བཞག གནས་ཚུལ་ནང་གསལ་ལྟར་ན་ སྔ་ལོ་ས་གནས་ཉིན་མོའི་སློབ་ཕྲུག་འཛིན་རིམ་ ༡༡ དང་ ༡༢ ཀྱི་སློབ་ཕྲུག་ཚོའི་ནང་ བོད་ཡིག་ཐོག་རང་གི་མིང་ཙམ་ཡང་ཡག་པོ་འབྲི་མི་ཤེས་མཁན་བྱུང་ཡོད་ན་ཡང་ འདི་ལོ་དེ་ལྟ་བུའི་བོད་ཡིག་སྐྱོ་བོ་མེད་པ་ནི་ ས་གནས་གྱི་མི་སྣ་རེ་ཟུང་གིས་འགན་ཁུར་འོག བོད་ཡིག་རང་སྦྱོང་འཛིན་གྲྭའི་གོ་སྐབས་བསྐྲུན་པ་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་མཁན་ཡང་ཡོད་སྐོར་བཀོད་འདུག་།