ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་དང་། རྩིས་ཞིབ་སྤྱི་ཁྱབ་པ་བཅས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་ལས་འཁུར་དམ་འབུལ་ཞུས།
ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་སྟེང་བདམས་ཐོན་བྱུང་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། ཁྲིམས་ཞིབ་པ་གཞན་བཀའ་ཟུར་འཕགས་པ་ཚེ་རིང་ལགས། རྩིས་ཞིབ་སྤྱི་ཁྱབ་པ་བཀྲ་ཤིས་སྟོབས་རྒྱལ་ལགས་བཅས་ནས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན། སྤྱི་ཟླ་ ༤ པའི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། དྲུང་གཡོན་ཡན་གྱི་སྲི་ཞུ་ལས་བྱེད་ཚང་འཛོམས་གནང་བའི་སར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་མདུན་ནས་ལས་ཁུར་དམ་བཅའ་ཕུལ་ཕུལ་སོང་།

དམ་འབུལ་གྱི་མཛད་སྒོ་གྲུབ་འཕྲལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་ལགས་ནས། ད་ལྟ་ལས་ཀའི་ངོ་བོ་འགྱུར་ཏེ་ལས་གནས་མི་འདྲ་བ་ཞིག་གི་ཐོག་ཞབས་ཞུའི་གོ་སྐབས་རག་པ་འདིར། ཁྲིམས་ཞིབ་པའི་དམ་འབུལ་རྩ་ཚིག་ནང་། མཆོག་གསུམ་དཔང་བཙུགས་ཀྱིས་ལས་ཀ་དྲང་པོ་བྱེད་རྒྱུ་ཞེས་བཀོད་པ་གཞིར་བཞག་གིས་ཤར་སྐྱོད་བྱེད་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བཀའ་ཟུར་འཕགས་པ་ཚེ་རིང་ལགས་ནས། དམ་འབུལ་སྐབས་ཞུས་པ་བཞིན་མཆོག་གསུམ་དཔང་བཙུགས་ཀྱིས་༸རྒྱལ་བའི་བཀའ་སློབ་ལམ་སྟོན་འོག།དྲང་པོ་དྲང་བཞག་བྱེད་རྒྱུ་ནི་ང་རང་གི་ལས་འགན་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

སྤྱི་ཁྱབ་རྩིས་ཞིབ་པ་བཀྲ་ཤིས་སྟོབས་རྒྱལ་ལགས་ནས་རྩིས་ཞིབ་ལས་ཁུངས་འདི་ཧ་ཅང་གལ་ཆེན་ཡིན་པ་དང་། སོ་སོ་ལ་རྩིས་ཞིབ་སྤྱི་ཁྱབ་པ་ཟུར་པ་རྣམས་དང་འདྲ་བའི་འཇོན་ཐང་དང་རྣམ་དཔྱོད་དེ་འདྲ་མེད་ནའང་། འགན་དེ་འཁྲིས་ཚར་དུས་བཅའ་ཁྲིམས་ནས་བཀུར་བའི་འགན་རྣམས་མ་འཕྱུག་པར་གང་ཐུབ་ཅི་ཐུབ་དང་། ལྷག་བསམ་རྣམ་དག་བྱེད་རྒྱུ་ཡིན་ཞེས་གསུངས་བྱུང་།

འདས་པའི་ལོ་ཤས་ནང་གྲོས་ཚོགས་ནས་ཡིག་ཆ་ཨང་ ༣༩ གཏན་འབེབས་ཀྱིས་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གླེང་གཞི་བྱུང་བ་དང་། རིམ་པར་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱང་བགྲེས་ཡོལ་དུ་ཕེབས་པ་མ་ཟད། སྤྱི་འཐུས་གྲོས་ཚོགས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་འཕྲལ་དུ་གནང་མ་ཐུབ་པར་ལྷག་པ་སོགས་ཀྱིས། སྐབས་ཤིག་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་བཅས་མེད་པའི་གནས་སྟངས་ཆགས་ཡོད་ནའང་། ཉེ་ལམ་གྲོས་ཚོགས་སུ་ཁྲིམས་ཞིབ་པ་རྣམས་བདམས་ཐོན་དང་འབྲེལ། སྤྱི་ཟླ་ ༤ པའི་ཚེས་ ༤ ཉིན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ནས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱི་མདུན་ལས་འཁུར་དམ་འབུལ་ཞུས་པ་དང་མཚུངས། ཁྲིམས་ཞིབ་པ་གཞན་གཉིས་ཀྱིས་ཀྱང་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་ད་ལན་ལས་འཁུར་དམ་འབུལ་ཞུས་ཐུབ་ཡོད། །
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།