ཚེ་དབང་མཚམས་གཅོད་ལགས་སུ་གཙུག་ལག་རབ་འབྱམས་པའི་རྒྱུགས་འབྲས་རྩེ་ཕུད་གསེར་གྱི་གཟེངས་རྟགས་ཐོབ་འདུག

འདི་ཟླའི་ཕྱི་ཚེས་༡༨ཉིན་རྒྱ་གར་ལྷོ་ཕྱོགས་མའེ་སོར་གྲོང་ཁྱེར་གྱི་ནང་ཡོད་པའི་གྲགས་ཆེ་བའི་མའེ་སོར་གཙུག་ལག་སློབ་གྲྭའི་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་ཐེངས་༡༠༣པའི་ཐོག རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་གྲོང་སྡེ་ཨེན་ནས་ཡིན་པ་ཚེ་དབང་མཚམས་གཅོད་ལགས་ཕྱི་ལོ་༢༠༢༠་ནས་༢༠༢༢་ལོའི་བར་ལོ་གཉིས་ཀྱི་རིང་། རིགས་རྒྱུད་སྐྱེ་འཕེལ་དཔྱད་ཞིབ་བམ་(Genetic)་ཐོག་གཙུག་ལག་རབ་འབྱམས་ལོ་གཉིས་ཀྱི་རིང་རྒྱུགས་སྤྲོད་ཁག་བཞི་བཏང་བ་ཚང་མའི་ནང་འཛིན་གྲོགས་སློབ་མ་༤༠་ཡོད་པ་ཚང་མའི་ཁྲོད་རྒྱུགས་འབྲས་རྩེ་ཕུད་ལོན་པའི་གསེར་གྱི་གཟེངས་རྟགས་ཐོབ་སོང་། ཁོང་མོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དགའ་ཚོར་དང་བཅས བརྗོད་དོན། ཁོང་མོར་མའེ་སོར་གཙུག་ལག་སློབ་གྲྭའི་ནང་རིགས་རྒྱུད་སྐྱེས་འཕེལ་དཔྱད་ཞིབ་ཀྱི་སྡེ་ཚན་ཐོག་མར་གསར་འཛུགས་གནང་མཁན་དགེ་རྒན་མོ་གསུམ་གྱི་དྲན་རྟེན་གསེར་གྱི་གཟེངས་རྟགས་གསུམ་ཐོབ་མྱོང་བ་དང་། དེ་ནི་གཙོ་བོ་ཁོང་མོ་ཆུང་དུས་ནས་སློབ་སྦྱོང་དོ་དབྱིངས་ཡོད་པའི་ཐོག ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། རྒྱ་གར་གཞུང་། ཕ་མ་སྤུན་མཆེད་བཅས་ཀྱི་རྒྱབ་སྐྱོར་དང་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་ཅེས་དང་། གཞན་མ་འོངས་སོན་རྩ་བོད་རིགས་ན་གཞོན་རྣམས་ཀྱིས། སོ་སོའི་མ་འོངས་མདུན་ལམ་དང་འབྲེལ་བའི་སློབ་ཚན་འདེམས་སྒྲུག་བྱེད་སྐབས་གཙོ་བོ་སོ་སོ་དོ་དབྱིངས་ལ་གཞིགས་པའི་འདེམས་སྒྲུག་མ་ནོར་བ་དགོས་གལ་ཆེ་བ་དང་། དེ་ཡང་དེང་གི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཚམས་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་སོགས་ཀྱི་སྐུལ་མ་གནང་གི་འདུག
ད་རེས་མའེ་སོར་གཙུག་ལག་སློབ་གྲྭའི་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོའི་ཐོག་གཟེངས་རྟགས་དང་ཕྱག་འཁྱེར་འདྲ་མིན་བཞེས་མཁན་ཁྱོན་སློབ་མ་༣༢༢༤༠་ཡོད་པའི་ཐོག སློབ་མ་ཚོའི་ཕ་མ་དང་ནང་མི་སོགས་མཉམ་བཞུགས་གནང་འདུག་པ་ལྟར། སློབ་མ་ཚེ་དབང་མཚམས་གཅོད་ལགས་ཀྱི་པ་ལགས་ཨོ་རྒྱན་རྡོ་རྗེ་ལགས་དང་གཅེན་པོ་དང་གཅེན་མོ་བཅས་ཀྱང་མཉམ་ཞུགས་གནང་འདུག་ལ། པ་ལགས་ཀྱིས། ཁོང་ལ་བུ་མོ་གསུམ་དང་བུ་བཞི་ཡོད་པ་ཚང་མ་༧གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་སློབ་སྦྱོང་མཐར་ཕྱིན་ཡོད་པའི་འགྲེལ་བརྗོད་གནང་བྱུང་།
ཚེ་དབང་མཚམས་གཅོད་ལགས་ནི། རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་བོད་མིའི་གཞིས་ཆགས་ཀྱི་ནང་ཕྱི་ལོ་༡༩༩༨སྐྱེས་ཤིང་། གཞིས་ཆགས་དེའི་ནང་འཛིན་གྲྭ་དང་པོ་ནས་བཅུ་པའི་བར་སློབ་སྦྱོང་གནང་བའི་རྗེས་སུ། མོན་གྷོ་གཏན་སློབ་ཏུ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ནང་ཚན་རིག་སློབ་སྦྱོང་གནང་ཞིང་།་ཁོང་ཐོག་མར་འཛིན་རིམ་དྲུག་པ་ཡིན་པའི་སྐབས་འཛིན་གྲྭ་ནས་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་ཀྱི་ཨང་རིམ་དང་པོ་བླངས་མྱོང་བ་དང་། མོན་གྷོ་གཏན་སློབ་ནང་འཛིན་རིམ་༡༢ཀྱི་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་བླངས་མྱོང་ཡོད་འདུག ཁོང་མོ་མོན་གྷོ་གཏན་སློབ་ཐོན་མཚམས་སུ་(Regional institute of education,Mysore)་ནས་དངོས་ཁམས་ཚན་རིག་སོགས་ཀྱི་འབྲེལ་བའི་སློབ་ཚན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་གནང་ཞིང་། དེའི་རྗེས་མེའི་སོར་གཙུག་ལག་སློབ་ཁང་ནང་རིགས་རྒྱུན་སྐྱེ་འཕར་དཔྱད་ཞིབ་ཐོག་གཙུག་ལག་རབ་འབྱམས་པ་གནང་མཚམས་སུ། ཕྱི་ལོ་༢༠༢༣ལོ་འགོ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནང་གྲགས་ཆེ་བའི་རིགས་རྒྱུན་སྐྱེ་འཕེལ་དཔྱད་ཞིབ་ཀྱི་བཟོ་ཚོང་ཁང་(madginome)་ནང་ཉམས་མྱོང་གསོག་ཆེད་ལས་དོན་གཉེར་བཞིན་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།