རྒྱ་ནག་གཞུང་གིས་ཨོ་སི་ཊོ་ལི་ཡའི་ནང་གི་བོད་མིར་བསུན་གཙེར།
2014.01.29

རྒྱ་ནག་གཞུང་ཚབ་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་གི་བོད་མི་ཚོར་ལྟ་སྲུང་དང་བསུན་གཙེར་བྱེད་བཞིན་པ་རེད་འདུག
སྤྱི་ཚེས་༢༩ཉིིན་The Australian ཞེས་པའི་གསར་ཤོག་ནང་། བོད་མིའི་སྒྲིག་འཛུགས་ཀྱིི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུང་པའི་གནས་ཚུལ་ལུང་འདྲེན་བྱས་པར་གཞིགས་ན། ཨོ་སི་ཊོ་ལི་ཡའི་ནང་གནས་བཞུགས་བོད་མི་ཕལ་ཆེ་བ་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ཀྱི་མེ་སེར་ཡིན་རུང་། ཁོང་རྣམས་རྒྱ་ནག་གཞུང་ཚབ་ལས་ཁུངས་སུ་བོད་ནང་འགྲིམ་འགྲུལ་གྱི་མཐོང་མཆན་ཞུ་བར་འགྲོ་སྐབས། གཞུང་ཚབ་ཁང་གི་ལས་བྱེད་ཚོས་བོད་མི་རྣམས་ལ་རྫིག་རྫིག་སྐུལ་བ་དང་། བསུན་པོ་བཟོ་བཞིན་ཡོད་ཚུལ་གྱི་བཀའ་མོལ་གནང་བ་དེ་བཞིན་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ནས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་Sydneyདང་། Brisbane Canberra Melbourne བཅས་སུ་ས་གནས་བོད་མི་དང་རྒྱ་རིགས་རྣམས་མཇལ་འཛོམས་སྐབས་གསལ་འདོན་གནང་འདུག ད་དུང་གནད་དོན་འདི་བཞིན་ཨོ་སི་ཊོ་ལི་ཡའི་གཞུང་དང་མི་མང་ཚོས་མཁྱེན་པ་ཡོང་དགོས་པའི་གནད་དོན་ཞིག་རེད་ཅེས་ནན་བརྗོད་གནང་འདུག
བཀའ་བློན་མཆོག་གིས་གསུང་ན་ཨོ་སི་ཊོ་ལི་ཡའི་ནང་བོད་མི་༡༠༠༠ཙམ་ཡོད་པ་དེ་དག་བོད་ནང་འགྲིམ་འགྲུལ་གྱི་མཐོང་མཆན་ཞུ་སྐབས་Canberra གྲོང་ཁྱེར་རུ་དངོས་སུ་ངོ་བཅར་ཞུ་དགོས་པ་དང་། རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་མཐོང་མཆན་ཞུ་མཁན་བོད་མི་རྣམས་ལ་ ཨོ་སི་ཊོ་ལི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡིན་མིན་དང་། ཨོ་སི་ཊོ་ལི་ཡའི་ནང་བོད་དོན་དང་འབྲེལ་བའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་མེད། དེ་བཞིན་དབུས་བོད་མིའི་སྒྲིགས་འཛུགས་ལ་ལེགས་སྐྱེས་ཕུལ་ཡོད་མེད་སོགས་འདྲི་རྩད་བྱེད་ཀྱི་ཡོད་པ་ཡང་གསལ་འདོན་དང་མཉམ་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་གནང་འདུག ད་དུང་ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་དང་། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Micheal Danby མཆོག་གིས་གནད་དོན་འདིའི་ཐོག་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་ལས་ཁུངས་ཀྱིས་ཞིབ་འཇུག་གནང་དགོས་གལ་ཆེ་སྐོར་སྐུལ་མ་གནང་གི་ཡིན་ཞེས་གསུང་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།