བོད་དང་ཧི་མ་ལ་ཡའི་བུད་མེད་ཀྱི་ཐོབ་ཐང་དང་བདེ་འཇགས་ཞེས་པའི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་འདུག

2025.03.27
བོད་དང་ཧི་མ་ལ་ཡའི་བུད་མེད་ཀྱི་ཐོབ་ཐང་དང་བདེ་འཇགས་ཞེས་པའི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་འདུག ཚོགས་འདུའི་ཐོག་གསུང་བཤད་པ་རྣམས་ནས་གསུང་བཤད་གནང་བཞིན་པ།
CTA

རྒྱ་གར་ནང་དུ་བོད་དོན་རྒྱབ་སྐྱོར་ཐབས་འཚོལ་དང་། རྒྱ་གར་གཞོན་སྐྱེས་ཁྲོད་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུའི་དམིགས་ཡུལ་བཟུང་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དང་ཧི་མ་ལ་ཡའི་བུད་མེད་ཀྱི་ཐོབ་ཐང་དང་བདེ་འཇགས་ཞེས་པའི་ཚོགས་དུ་བསྐོང་ཚོགས་གནང་འདུག

དེ་ཡང་རྒྱ་གར་གི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Vishwa Yuvak Kendra) དུ་ཟླ་ ༣ ཚེས་ ༢༢ དང་ ༢༣ ཉིན་གྲངས་གཉིས་རིང་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་བུད་མེད་ཚན་པ་ཐུན་མོང་གི་གོ་སྒྲིག་འོག  བོད་དང་ཧི་མ་ལ་ཡའི་བུད་མེད་ཀྱི་ཐོབ་ཐང་དང་བདེ་འཇགས་ཞེས་པའི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་འདུག

ཚོགས་འདུའི་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་དྷི་ལིབ་སིན་ཧ་ལགས་(Dilip Sinha)དང་། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། དེ་བཞིན་རྒྱ་གར་དང་བོད་མི་ཆེད་མཁས་པ་ཁག་ཅིག་ལྷན་ཞུགས་ཀྱིས། བོད་ཀྱི་སྲིད་དོན་རྒྱལ་རབས་དང་། འགྲོ་བ་མིའི་ཐོབ་ཐང་གི་གལ་གནད། རྒྱ་གར་གྱི་བདེ་སྲུང་དང་ས་ཁུལ་བདེ་འཇགས། རྒྱལ་སྤྱིའི་འབྲེལ་ལམ་བཅས་ལ་བོད་དོན་གྱི་ཤུགས་རྐྱེན། བོད་དོན་ཐོག་རྒྱབ་སྐྱོར་དང་འབྲེལ་ལམ་སྲ་བརྟན་གཏོང་ཕྱོགས་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་པ་རེད་འདུག

བོད་དོན་རྒྱབ་སྐྱོར་ཚོགས་པའི་བུད་མེད་ཚན་པ་དེ་ནི་ཕྱི་ལོ ༡༩༩༥ ལོར་བོད་ཀྱི་བླ་ན་མེད་པ་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་གཞི་ལྟར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་གསར་འཛུགས་ཀྱིས་ད་བར་མི་ལོ་ ༣༠ ཕྱིན་ཡོད་ཅིང་། དེ་སྔ་ཕྱི་ལོ ༢༠༢༢ ལོར་རྒྱ་གར་བྷི་ཧར་མངའ་སྡེའི་རཇ་གྷིར་(Rajgir) བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བུད་མེད་ཀྱི་ཚོགས་ཆེན་ཞིག་ཚོགས་དགོས་པའི་གྲོས་ཆོད་གཏན་ཁེལ་བྱུང་ཡོད་པ་ལྟར། འདི་ལོའི་ཟླ་ ༣ ཚེས་ ༢༢ དང་ ༢༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་ཡོད་ལ། ཚོགས་ཆེན་ཐོག་རྒྱ་གར་དང་བོད་མི་ཆེད་མཁས་པ་ཁག་ནས་བརྗོད་གཞི་མི་འདྲ་བ་བཞིའི་ཐོག་གཏམ་བཤད་གནང་ཡོད་པའི་སྐོར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། བོད་དང་ཧི་མ་ལ་ཡའི་བུད་མེད་ཀྱི་ཐོབ་ཐང་དང་བདེ་འཇགས་ཞེས་པའི་ཚོགས་འདུ་ཐེངས་དང་པོ་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་དང་། ལྷག་པར་དུ་རྒྱ་གར་མི་རབས་གཞོན་པ་རྣམས་ལ་བོད་དོན་གོ་རྟོགས་སྤེལ་ཆེད་ཡིན་ཞིང་། མ་འོངས་པར་ཚོགས་ཆེན་ཐེངས་གཉིས་པ་གང་མགྱོགས་ཚོགས་འཆར་ཡོད་པའི་སྐོར་གསུངས་བྱུང་།

གཞི་རྩའི་ཐེངས་འདིའི་ཉིན་གཉིས་ཀྱི་ཚོགས་འདུའི་ཁྲོད་བུད་མེད་ཀྱི་བདེ་འཇགས་དང་། དྲྭ་ཐོག་བདེ་འཇག་དང་མི་བཟོས་རིག་ནུས། ཁོར་ཡུག་དང་གནམ་གཤིས། ངོ་བོ་དང་སྨྲ་བརྗོད་བཅས་བརྗོད་གཞི་གཙོ་བོ་བཞིའི་ཐོག་རྒྱ་གར་དང་བོད་པའི་ཆེད་ལས་པ་ཁག་ནས་གསུང་བཤད་དང་བགྲོ་གླེང་གནང་འདུག་ཅིང་། ཚོགས་འདུའི་ཐོག་རྒྱ་གར་རྒྱལ་ཡོངས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་གཉིས་རེ་དང་། རྒྱ་གར་མཐོ་སློབ་ཁག་གི་དགེ་རྒན་ཆེན་མོ་ཁག་ཅིག དེ་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་བཅས་ཁྱོན་ཚོགས་བཅར་བ་ ༡༥༠ ལྷག་ཙམ་མཉམས་ཞུགས་གནང་ཡོད་པ་རེད་འདུག །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎