ཐའེ་ལྦན་ནང་བོད་མིའི་རང་དབང་གི་དཔལ་འབར་འབྱོར་ཡོད་འདུག
2008.07.05
༄༅༎བོད་མིའི་རང་དབང་གི་དཔལ་འབར་དེ་བཞིན་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་ནང་བསྐོར་བསྐྱོད་བྱས་ནས་ཕྱི་ཟླ་དྲུག་པའི་ཚེས་༦ཉིན་ཐའེ་ལྦན་གྱི་རི་བོ་མཐོ་ཤོས་ཇེ་ཌི་རི་བོའི་ཐོག་བསྐོར་བསྐྱོད་གནང་རྒྱུ་ཡིན་འདུག
དེ་ཡང་ཐའེ་ལྦན་ནང་ཡོད་པའི་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ ཐའེ་ལྦན་བོད་ཀྱི་ཐེབས་རྩ་ཚོགས་པ་ ཐའེ་ལྦན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ ཐའེ་ལྦན་དམངས་གཙོ་ཐེབས་རྩ་ཚོགས་པ་སོགས་ཀྱིས་མཉམ་འབྲེལ་ཐོག་བོད་མིའི་རང་དབང་དཔལ་འབར་བསྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་གནང་བ་ཞིག་ཞིང༌། ཐའེ་ལྦན་ནང་གནས་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་རིན་འཛིན་ཚེ་རིང་ལགས་ཀྱིས་བོད་མིའི་རང་དབང་དཔལ་འབར་དེའི་ངོ་བོ་ནི་བོད་མི་ཚོས་ཞི་བའི་ཐབས་ལམ་ཐོག་ནས་འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པར་ཁ་གཏད་ཀྱི་ལས་འགུལ་ཞིག་ཡིན་པ་དང་། ལྷག་པར་དུ་ཉེ་ཆར་བོད་ནང་གི་བོད་མིའི་ཚོའི་སྒེར་ལངས་ཀྱི་ལས་འགུལ་ལ་རྒྱ་ནག་གཞུང་གི་དྲག་གནོན་བྱས་པར་བསྐྱོན་བརྗོད་དང་འབྲེལ་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཡིན་པ་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་གནང་བཞག བོད་མིའི་རང་དབང་གི་དཔལ་འབར་དེ་བཞིན་ད་ལོ་ཕྱི་ཟླ་གསུམ་པའི་ཚེས་༡༠ཉིན་ཨོ་ལིམ་པིག་ཐོག་མར་ཚུགས་པའི་གིརི་སི་ཡུལ་ནས་འགོ་བཙུགས་གནང་ཏེ་ད་ཆ་དཔལ་འབར་བསྐོར་བསྐྱོད་དེ་བཞིན་ཐའེ་ལྦན་ནང་འབྱོར་ཡོད་པ་རེད་།