ཁམས་གསེར་རྟར་བོད་མིས་བོད་ཀྱི་རྒྱལ་དར་འཕྱར་བ།

ཁམས་དཀར་མཛེས་ཀྱི་གསེར་རྟ་ཁུལ་གྱི་རྒྱ་མའི་བདེ་འཇགས་ལས་ཁུངས་ཨ་མའི་མདུན་དུ་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་བསྐྱལ་ཡོད་པའི་སྐོར།

2011.10.16

༄༅༎བོད་ཀྱི་ཤར་ཕྱོགས་ཁམས་དཀར་མཛེས་ཀྱི་གསེར་རྟ་ཁུལ་གྱི་རྒྱ་མའི་བདེ་འཇགས་ལས་ཁུངས་ཨ་མའི་མདུན་དུ་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་བསྐྱལ་ཡོད་པའི་སྐོར་རེས་གཟའ་སྤེན་པའི་ཉིན་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ཟུར་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གསར་འགོད་པ་ཚོར་གསུང་དོན། བོད་ཀྱི་རྒྱལ་དར་གསེར་རྟ་རྒྱ་མིའི་བདེ་འཇགས་ལས་ཁུངས་མདུན་འཕྱར་བའི་གནས་ཚུལ་དེ་རེས་གཟའ་ཕུར་བུའི་ཉིན་བྱུང་ཡོད་པ་དང༌། དེ་དང་མཉམ་དུ་བོད་རང་དབང་ཞེས་བྲིས་པའི་ཤོག་ལྷེ་དེ་འདྲ་བདེ་འཇགས་ལས་ཁུངས་ཀྱི་ལམ་ཀའི་ཐོག་འགྲམས་ཡོད་པ་མ་ཟད། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་པ་དང༌། བོད་ལ་རང་དབང་དགོས་ཞེས་པའི་ཡིག་གེ་བྲིས་པའི་སྦྱར་ཡིག་རྒྱ་མའི་ལས་ཁུངས་གཞན་གྱི་རྩིག་འདེབས་སུ་སྦྱར་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། ད་དུང་ཁོང་གིས་གསུང་པར། ད་ལྟ་བར་བོད་མི་འཛིན་བཟུང་བྱས་ཡོད་མེད་གནས་ཚུལ་གང་ཡང་གསལ་པོ་མེད་ཅིང༌། འོན་ཀྱང་རེས་གཟའ་ཕུར་བུའི་ཕྱི་དྲོ་ནས་བཟུང་རྒྱ་མིའི་དྲག་ཆས་དམག་མི་གསེར་རྟ་ཁུལ་དུ་འགྲེམས་འཇོགས་བྱས་ཡོད་པའི་གནས་ཚུལ་ངེས་གཏན་ཡིན་པ་དང༌། བོད་རང་དབང་གི་ཤོག་ལྷེ་དེ་དག་ནི་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་ཐོག་བྲིས་པ་ཡིན་ཞིང༌། ད་རེས་རྒྱ་མའི་ལས་ཁུངས་མདུན་བོད་ཀྱི་རྒྱལ་དར་བསྐྱལ་བའི་གནས་ཚུལ་དེ་ནི། གསེར་རྟ་ཁུལ་དུ་ཐེངས་དང་པོ་མིན་པར། ཟླ་བ་འདིའི་འགོ་སྟོད་དུ་གསེར་རྟའི་ཁུལ་གྱི་ཚོང་ཁང་གི་ཁང་པའི་སྟེང་རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་བོད་ཀྱི་རྒྱལ་དར་འཕྱར་བའི་རྗེས་རྒྱ་མིས་མེད་པ་བཟོས་ཏེ་རྒྱ་ལམ་ཐོག་དབྱུགས་པར་བརྟེན་བོད་མི་ཉིས་བརྒྱ་ཙམ་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བའི་གནས་ཚུལ་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎