འཇིགས་བྲལ་དོན་གྲུབ་དབང་ཆེན་བཙོན་བཀྲོལ་བྱུང་འདུག
2014.06.05
འཇིགས་བྲལ་དོན་གྲུབ་དབང་ཆེན་བཙོན་དུས་ཚང་བ་དང་རྒྱ་ནག་གི་ཉེན་རྟོག་མི་སྣས་བཙོན་ཁང་ནས་ཐད་ཀར་བ་ཡན་རྫོང་ཁོ་ཚེ་སྡེ་བའི་ཁྱིམ་བར་སྐྱེལ་ཡོད་པ་རེད་འདུག
ཁོང་གི་ཉེ་འབྲེལ་འཇམ་དབྱངས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྤྱི་ལོ་༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན། རྒྱ་ནག་གི་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་འཛིན་བཟུང་བྱས་པའི་འཇིགས་བྲལ་གློག་བརྙན་ཕབ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་དེ་རིང་ཚེས་ལྔ་ཉིན་རྒྱ་ནག་གི་བཙོན་འོག་ནས་ལོ་ ༦ གི་ཁྲིམས་ཆད་དུས་ཡུན་རྫོགས་ཏེ། ཉེན་རྟོག་པས་བཙོན་ཁང་ནས་རང་ཁྱིམ་ལ་བསྐྱེལ་ཡོད་འདུག འཇམ་དབྱངས་ཀྱིས་བརྗོད་དོན། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་ཐོག་མར་ཀན་ལྷོ་བསང་ཆུ་ཕྱོགས་ཀྱི་ཆུང་མའི་ཁྱིམ་ལ་བསྐྱེལ་རྒྱུའི་བརྡ་ལན་སྤྲད་ཡོད་པ་ལྟར་ཡུལ་མི་ཉེ་འབྲེལ་ཚོ་དེར་འཛོམས་ནས་ཁོང་ཕེབས་བསུའི་གྲ་སྒྲིག་སོགས་བྱས་ཡོད་ཀྱང་། ཉེན་རྟོག་པས་ཕེབས་བསུའི་འདུ་འཛོམས་སོགས་མི་ཡོང་བ་དང་། འགོག་ཐབས་ཆེད་ཁོང་ཉེན་རྟོག་པའི་རླངས་འཁོར་ལ་བཞག་ནས་ཐད་ཀར་མཚོ་སྔོན་བ་ཡན་ཁོ་ཚེ་སྡེ་བའི་ཁོ་རང་གི་ཁྱིམ་ལ་བསྐྱེལ་འདུག་ཅེས་དང་། མུ་མཐུད་དུ། ཁོ་རང་བཙོན་བཀྲོལ་བྱུང་བ་ནི་དགའ་འོས་བ་ཞིག་ཡིན་མོད། ཁོང་གི་ད་ལྟའི་གཟུགས་གཞིའི་གནས་སྟངས་ཡག་པོ་མི་འདུག མཉམ་དུ་གླེང་མོལ་བྱུང་སྐབས་ཁོག་པར་ཟུག་གཟེར་ཆེ་བ་དང་སྙུང་བཞིན་པ་བཤད་བྱུང་། ཁོང་གི་སྙུང་གཞིའི་ཐད་སྨན་བཅོས་ཡག་པོ་བྱུང་མེད་པར་སྐུ་གཟུགས་གནས་སྟངས་ཡག་པོ་མེད་པར་སེམས་ཁྲལ་ཆེན་པོ་ཡོད་པ་ངོ་སྤྲོད་གནང་བྱུང་། ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་བ་ཡན་རྫོང་ཁོ་ཚེ་སྡེ་བ་ནས་ཡིན་པ་རེད།
སྤྱི་ལོ་༢༠༠༨ལོའི་རྒྱ་ནག་པེ་ཅིན་ཨོ་ལིམ་ཕིག་ལུས་རྩལ་འགྲན་འཚོགས་སླེབས་ལ་ཉེ་སྐབས་ཀྱི་ལོ་ངོ་གཅིག་ཙམ་གྱི་རིང་། དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་རྣམ་གཉིས་བོད་ནང་གི་ས་ཁུལ་མང་པོར་གསང་སྟབས་ཀྱིས་སྐོར་བསྐྱོད་བྱས་ཏེ། ས་གནས་བོད་མི་ཚོར་པེ་ཅིན་ཨོ་རྩལ་ཆེན་མོར་འདོད་མོས་ཡོད་མེད་དང་། བོད་ནང་གི་དངོས་ཡོད་གནས་སྟངས། བོད་མིའི་སེམས་ནང་གི་བསམ་ཚོར་ངོ་མ་ཐད་ཀར་བཅར་འདྲི་དང་གློག་བརྙན་ཕབ་སྐྲུན་བྱས་བར། ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་དོན་གྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་ཏེ་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཟི་ལིང་གི་བཙོན་ཁང་ཞིག་དང་རྗེས་སུ་ཟི་ལིང་གི་བུད་མེད་བཙོན་ཁང་སོགས་ལ་སྤོར་སྐྱེལ་བྱས་ནས་བཙོན་འཇུག་མནར་གཅོད་མྱངས་ཡོད།
དོན་གྲུབ་དབང་ཆེན་ནི་ད་ལོ་དགུང་ལོ་༤༠ཙམ་ཡིན་པ་དང་། ཁོང་གི་བཟའ་ཟླ་བུ་ཕྲུག་སྤྱི་ལོ་༢༠༡༢་ལོར་ཨ་མི་རི་ཀར་སྐྱབས་བཅོལ་དུ་འབྱོར་ཡོད་པ་དང་། ཕ་མ་གཉིས་ད་ལྟ་བཞུགས་སྒར་ངྷ་རམ་ས་ལར་བཞུགས་མུས་ཡིན་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ་དང་ཀླུ་འབུམ།
དོན་འགྲུབ་དབང་ཆེན་ལགས་ཀྱི་ཕ་མ་གཉིས་དང་བཟའ་ཟླ་ལྷ་མོ་འཚོ་བཅས་ཀྱི་ཚོར་སྣང༌གཤམ་ལ་གསན་རོགས༎
གསར་འགོད་པ་རྡོ་རྗེ་མཚོ།