བོད་ཀྱི་མང་གཙོ་དབུ་བརྙེས་ནས་མི་ལོ་༥༨་འཁོར་བའི་དུས་ཆེན་གང་སར་སྲུང་བརྩི།
2018.09.03
བོད་ཀྱི་མང་གཙོ་དབུ་བརྙེས་ནས་མི་ལོ་ལྔ་བརྒྱད་འཁོར་བའི་དུས་ཆེན་བལ་ཡུལ་མ་གཏོགས་རྡ་རམ་སཱ་ལ་གཙོས་ས་གནས་གང་སར་སྲུང་བརྩི་གནང་འདུག
དེ་ཡང་འདི་གའི་ས་གནས་གསར་འགོད་པ་རྣམ་པས་གནས་ཚུལ་བཏང་བར་གཞིགས་ན། བཞུགས་སྒར་རྡ་རམ་ས་ལ་རུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་གསོལ་སྩལ་གནང་ནས་མི་ལོ་ ༥༨ འཁོར་བའི་གཞུང་འབྲེལ་དུས་ཆེན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག་ལ་ཕྱོགས་མཚུངས་བོད་མི་གནས་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སར་སྤྱི་མཚུངས་བོད་ཀྱི་མང་གཙོ་དུས་ཆེན་སྲུང་བརྩི་གནང་ཡོད་པ་རེད།
རྡ་རམ་སཱ་ལར་མང་གཙོའི་ཉིན་མོ་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Kunwara Bharatendra Singh) མཆོག་དང་། བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུའི་ལས་བྱེད་དང་མི་མང་བཅས་འདུ་འཛོམས་གནང་ཐོག སློབ་མ་རྩེ་ཕུད་གསུམ་ལ་སྲིད་སྐྱོང་གཟེངས་བསྟོད་དང་། བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་ལས་པ་གསུམ་ལ་མ་དངུལ་རོགས་སྐྱོར། ༢༠༡༨ ལོའི་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་གསུམ་ཏེ་ཚན་རིག སྒྱུ་རྩལ། ཚོང་རིག་བཅས་ཀྱི་རྩེ་ཕུད་ཨང་རིམ་གསུམ་བར་གྱི་སློབ་ཕྲུག་གྲངས་དགུ་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་བཅས་གནང་འདུག
སྲིད་སྐྱོང་མཆོག་གིས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་རྒྱང་གནང་འདུག བཀའ་ཤག་གི་གསུང་བཤད་ནང་འཁོད་པར། རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་འོག་བོད་ནང་བོད་མི་རྣམས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པར་དུས་དང་རྣམ་པ་ཀུན་ཏུ་དངངས་སྐྲག་འོག་གནས་བཞིན་ཡོད། བོད་ས་ཡོངས་ལ་དུས་རྒྱུན་དུ་དམ་བསྒྲགས་ཡོད་མུས་དང་། ལྷག་པར་བོད་ཀྱི་རྒྱལ་ས་ལྷ་ས་ཐེ་བའི་ས་ཁུལ་གང་སར་བོད་ཀྱི་དུས་སྟོན་སོགས་འདུ་འཛོམས་ཆེ་སྐབས་དམིགས་བསལ་དམ་བསྒྲགས་བྱེད་བཞིན་ཡོད་ཅེས་དང་། ལི་ཁེ་ཆང་དང་ཝང་དབྱང་གཉིས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱིན་པ་དེས་བོད་དང་བོད་མིའི་གནད་དོན་གལ་ཆེར་འཛིན་གྱི་ཡོད་པར་ང་ཚོས་ཚོད་དཔག་བྱེད་ཐུབ་ཀྱི་འདུག དེ་ལྟར་ཡིན་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་དགོས་འདུན་གཞིར་བཞག་བོད་རྒྱ་གཉིས་སྨན་གྱི་ཐག་གཅོད་ཞིག་ཡོང་རྒྱུར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་འགོ་འཛུགས་དགོས་པ་བསྐྱར་བརྗོད་བྱེད་རྒྱུ་ཡིན་ཞེས་དང་། ང་ཚོ་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་ནི་ང་ཚོའི་འཐབ་རྩོད་ཀྱི་མ་རྩ་དང་སྟོབས་ཤུགས་གལ་ཆེ་ཤོས་ཤིག་ཡིན། ང་ཚོས་རང་ཡུལ་བཞག་ནས་མི་ཡུལ་དུ་ཡོང་བའི་དགོས་དམིགས་མ་བརྗེད་པའི་ཐོག བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟར་གནས་རྒྱུའི་མནའ་གན་མཐུ་མོ་ཆེའི་དམ་བཅའ་ཕུལ་ཡོད་པ་དེ་ང་ཚོས་བསྐྱར་དྲན་དང་། ཁྱད་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་ཆེན་ཁག་ཅིག་གིས་བོད་མི་ནང་ཁུལ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཐོག་ནས་བོད་མིའི་བདེན་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་རིམ་ཕེབས་རྣམས་ཀྱང་སྙིང་བཅངས་ཞུ་དགོས་པའི་སྐུལ་འདེབས་ཤུགས་ཆེ་བྱ་རྒྱུ་ཡིན་ཞེས་འཁོད་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ལྷན་ཁང་གི་གསུང་འཕྲིན་ནང་། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་མའི་དགོངས་གཞི་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་། བོད་ཀྱི་སྐད་ཡིག རིག་གཞུང་སོགས་མི་ཉམས་རྒྱུན་འཛིན། འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཞག་གིས་མང་གཙོའི་ཁེ་དབང་ལོངས་སྤྱད་དེ། བོད་དོན་བདེན་མཐའ་གསལ་ཐབས་དགོས་རྒྱུ་ནི་བོད་མི་ཡོངས་ཀྱི་འཕྲལ་ཕུགས་ཀྱི་དམིགས་ཡུལ་གལ་ཆེ་ཞིག་ཆགས་ཡོད་ན། དེའི་ཆ་རྐྱེན་ལྟ་བུར་མེད་དུ་མི་རུང་བ་ནི་ཆོལ་གསུམ་བོད་མི་ཡོངས་རྫོགས་མཐུན་སྒྲིལ་དམ་ཚིག་འོ་ཆུ་གཅིག་འདྲེས་གནང་དགོས་རྒྱུ་གལ་ཆེའི་ནང་གི་དོན་ཆེན་ལྟ་བུ་གྱུར་བས། བོད་མི་ནང་ཁུལ་འགལ་ཟླ་རིགས་མི་བྱེད་རྒྱུའི་དམ་བཅའ་བརྟན་བཟུང་ཐོག་མགོན་པོ་གང་གི་བཀའ་དྲིན་དང་ཐུགས་རེ་སྙིང་དབུས་སུ་བཅངས་ཏེ། བོད་བསྟན་སྲིད་མི་རིགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བོད་མི་རྣམས་སེམས་ཤུགས་ནམ་ཡང་མི་ཆགས་པར་ངལ་བ་ཁྱད་བསད་ཀྱིས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུ་སོགས་ལ་ཚང་མས་ཞུ་སྒོ་ཅི་མཆིས་སྒོ་ཀུན་ནས་ལྷོད་གཡེང་མེད་པར་འབད་འབུངས་གནང་རོགས་ཞེས་དང་། བོད་ནང་གི་རང་རེའི་སྤུན་ཟླ་རྣམས་ཀྱིས་ཕྱི་ལོ་ ༡༩༨༠ ནང་ནས་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་དངོས་སུ་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་གྲངས་ ༡༥༢ ཀྱིས་བོད་ནང་རྒྱ་གཞུང་གིས་ལག་བསྟར་བྱས་པའི་སྲིད་བྱུས་དང་། སློབ་གསོའི་ལམ་ལུགས་ལ་མོས་མཐུན་དང་འདོད་པ་མེད་པར་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་རིམ་པ་བྱུང་ཡོད་པ་སོགས་འཁོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།