བོད་ཀྱི་ཆབ་སྲིད་བཙོན་པ་ནོར་བཟང་ལགས་འདས་གྲོངས་སུ་ཕྱིན་ཡོད་འདུག

2021.05.04
བོད་ཀྱི་ཆབ་སྲིད་བཙོན་པ་ནོར་བཟང་ལགས་འདས་གྲོངས་སུ་ཕྱིན་ཡོད་འདུག ནོར་བཟང་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

ཁམས་ཤག་རོང་པོ་གེ་སོ་སྲ་བྷ་གྲོང་ནས་ཡིན་པ་བོད་ཀྱི་ཆབ་སྲིད་བཙོན་པ་ནོར་བཟང་ལགས་ཉེ་ལམ་འདས་གྲོངས་སུ་ཕྱིན་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་མྱོང་བ་ཆབ་སྲིད་བཙོན་པ་ཁམས་ཤག་རོང་པོ་གེ་སོ་སྲ་བྷ་གྲོང་གི་ནོར་བཟང་ལགས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་གནང་ན། སྤྱི་ལོ་༢༠༡༩་ལོའི་ཟླ་༩་པའི་ནང་བོད་ནང་རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་༧༠་འཁོར་བའི་རྒྱལ་སྟོན་དུས་ཆེན་ཟེར་བ་ཞིག་ཚོགས་ལ་ཉེ་བའི་སྐབས་སུ། ནོར་བཟང་ལགས་དང་གེ་སོ་ཚ་ལྷིས་གྲོང་ནས་ཡིན་པའི་མི་སྣ་འགའ་བཅས་སྟར་ཆེན་ཡུལ་ཚོར་སློབ་གསོ་འཛིན་གྲྭར་ཞུགས་དགོས་ཚུལ་བཤད་དེ་རྒྱ་ནག་གཞུང་གི་ཆེད་མངགས་མི་སྣས་བཙན་ཁྲིད་བྱས་རྗེས། གཞན་དག་ཚོ་རིམ་བཞིན་གློད་བཀྲོལ་བཏང་ཡོད་ནའང་ཁུལ་དེར་དྲ་རྒྱའི་དམ་བསྒྲགས་ཧ་ཅང་ཆེ་བས་ལོ་གཉིས་མ་ཟིན་ཙམ་གྱི་རིང་ནོར་བཟང་ལགས་ཀྱི་གནས་ཚུལ་གོ་ཐོས་མེད་པར་ལྷག་ཡོད། འོན་ཀྱང་ད་ལྟའི་ཆར་གནས་ཚུལ་ཤེས་གསལ་ལྟར་ན། ནོར་བཟང་ལགས་༢༠༡༩་ལོར་ཆབ་སྲིད་ཀྱི་ཉེས་མིང་འོག་བཙན་ཁྲིད་བྱས་བ་དང་། དེའི་རྗེས་སྟར་ཆེན་ཤང་དུ་རྒྱ་གཞུང་མི་སྣས་རྡུང་རྡེག་དང་མནར་གཅོད་ཚད་ལས་འདས་པ་བཏང་རྗེས་འདས་གྲོངས་སུ་ཕྱིན་ཡོད་པ་ཚོད་དཔག་ཐུབ་པ་འདུག་ཅེས་དང་། ད་དུང་ཁོང་གིས། ནོར་བཟང་ལགས་ག་དུས་གྲོངས་པ་དང་། གྲོངས་སྟངས་གང་འདྲ་ཡིན་མིན་ཐད་ཤེས་རྟོགས་བྱུང་མ་སོང་མོད། ས་གནས་རྒྱ་ནག་གཞུང་གི་མི་སྣས། ཁོང་གིས་བུ་ལོན་སློག་མ་ཐུབ་རྐྱེན་ཤག་ཆུའི་ཟམ་པའི་སྒང་ནས་མཆོངས་ཏེ་འདས་གྲོངས་སུ་སོང་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག འོན་ཀྱང་གནས་ཚུལ་རྒྱུས་ལོན་བྱས་སྐབས། ཁོང་ལ་བུ་ལོན་སྣ་གཅིག་མེད་ཁར་འཚོ་བའི་གནས་སྟངས་འགྲིག་ཐག་ཆོད་རེད་ཅེས་འགྲེལ་བརྗོད་བྱེད་མཁན་བྱུང་སོང་ཞེས་དང་། དོན་ལ་རྒྱ་ནག་གཞུང་གི་མི་སྣས་རྡུང་རྡེག་ཚད་ལས་འདས་པ་བཏང་རྗེས་གྲོངས་པའམ། ཡང་ན་རྒྱ་ནག་གཞུང་གི་མི་སྣས་མནར་གཅོད་བཏང་བར་ངོ་རྒོལ་ཆེད་ཤག་ཆུར་མཆོངས་ནས་གྲོངས་ཡོད་པའི་ཚོད་དཔག་བྱེད་ཐུབ་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
རྒྱ་ནག་གཞུང་གིས་དུས་རྒྱུན་མི་མང་གི་བདེ་སྐྱིད་ཚང་མ་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་སྐོར་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་ཀྱི་འཛིན་གྲྭ་དང་ཚོགས་འདུ་སོགས་ཀྱི་སྐབས་སུ། ནོར་བཟང་ལགས་ཀྱིས་མངོན་གསལ་དོད་པོས་མི་འདོད་པའི་རྣམ་འགྱུར་བསྟན་མྱོང་བ་དང་། རྒྱ་ནག་གི་གཙོ་འཛིན་ཁག་གི་འདྲ་པར་རྣམས་མཆོད་བཤམ་དུ་བཤམ་དགོས་ཚུལ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་ཞེས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁག་ལ་མངོན་གསལ་དོད་པོས་ངོ་རྒོལ་བྱེད་མཁན་ཞིག་ཡིན་པ་རེད། ཁོང་འཛིན་བཟུང་བྱས་རྗེས་རྒྱ་ནག་གི་ཉེན་རྟོག་པའི་རླངས་འཁོར་ལྔ་དྲུག་ཙམ་ནོར་བཟང་ལགས་ཡོད་སའི་གྲོང་ཚོར་འབྱོར་ནས་ནོར་བཟང་ལགས་ཀྱི་ཁྱིམ་དུ་ཉིན་གྲངས་མང་པོར་སྔོག་གཤེར་དང་། ཁོང་གི་བཟའ་ཟླ་ལ་སུན་གཙེར་ཡང་ཡང་བྱས་ཡོད་འདུག་པ་དང་། ད་ལྟའི་ཆར་ཁོང་གི་བཟའ་ཟླ་དང་ཤུལ་ལུས་ཀྱི་བྱིས་པ་རྣམས་ཧ་ཅང་ཡ་ང་བའི་གནས་སྟངས་འོག་གནས་ཡོད་པ་ཡང་འགྲེལ་བརྗོད་གནང་ཡོད།

རང་ལོ་༣༥་ཙམ་ཡིན་པའི་ནོར་བཟང་ལགས་ནི་ཕ་བསོད་ནམས་དབྱངས་དགའ་དང་། མ་གངས་ཆུང་གཉིས་ཀྱི་བུ་ཡིན་པ་དང་། ནོར་བཟང་ལགས་སུ་བྱིས་པ་དྲུག་ཡོད་འདུག
གཞན་ཡང་ཤག་རོང་པོའི་ཁུལ་དུ་རྒྱ་གཞུང་མི་སྣས་ཕྱི་རྒྱལ་ལ་འབྲེལ་བ་ཡོད་མེད་ཐད་དམིགས་བསལ་ཡུལ་མི་རྣམས་ལ་ཞིབ་བཤེར་གྱིས་འདྲི་རྩད་གཏོང་བ་དང་། དོགས་ཡོད་བྱུང་ཚེ་ཁ་པར་དང་སྡོད་ཁྱིམ་སོགས་སུ་སྔོག་གཤེར་བྱས་ཏེ་སུན་གཙེར་སྣ་ཚོགས་བཟོ་བཞིན་ཡོད་པ་དང་། ས་གནས་སྲིད་གཞུང་གི་མི་སྣས། ཕྱི་རྒྱལ་ན་ཡོད་མཁན་ཚོ་ནི་ཁ་བྲལ་བ་ཡིན་པས་འབྲེལ་བ་ཡོད་ན་མཇུག་འབྲས་ངན་པ་ཡོང་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་ཡང་བྱེད་བཞིན་ཡོད་པའི་སྐོར་ཡང་འགྲེལ་བརྗོད་གནང་སོང་།
བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། བོད་ནང་རྒྱ་ནག་གཞུང་གི་དམ་དྲག་དང་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་འོག་བོད་མི་མང་པོ་ཞིག་ལ་ཚད་ལས་བརྒལ་བའི་དཀའ་ངལ་འཕྲད་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་བོད་ནང་དང་དྲ་རྒྱའི་འཕྲིན་ལམ་སོགས་དམ་དྲག་སྟངས་འཛིན་འོག་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་དཀའ་བའི་གནས་སུ་ཡོད་པ་གསུང་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎