རྒྱ་གར་དུ་བོད་དོན་གོ་རྟོགས་སྤེལ་རྒྱུའི་ལས་འགུལ།
2011.01.18
༄༅༎རྒྱ་གར་གྱི་གྲོང་ཁྱེར་སྦ་རོ་ཌའི་ནང་གི་M S Universityཞེས་པའི་གཙུག་ལག་སློབ་གྲ་ཆེན་མོའི་ནང་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་ཕྲུག་ཚོས་ཉེ་ཆར་ཉི་མ་གཉིས་རིང་སློབ་གྲ་དེའི་ནང་བོད་ཀྱི་གནད་དོན་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད་ ལས་འགུལ་དེའི་ནང་སློབ་ཕྲུག་གྲངས་༥༠༠ཙམ་གྱིས་མཉམ་ཞུགས་གནང་ཡོད་པ་རེད་ ཆེས་མཐོའི་སློབ་གྲ་དེའི་གཙོ་འཛིན་གཞོན་པ་དང་ མཐོ་སློབ་དེའི་ནང་གི་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོར་སློབ་སྟོན་གནང་མཁན་སློབ་དཔོན་ཅུན་རྡ་ལྦརྡ་ཞུས་པས་བོད་པའི་སློབ་ཕྲུག་དེ་ཚོས་བོད་དོན་སླད་དུ་ལས་འགུལ་དེ་འདྲ་བ་ཞིག་སྤེལ་བར་བསྔགས་བརྗོད་ཆེན་པོ་གནང་འདུག ལས་འགུལ་དེའི་ཐོག་བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ནང་གཏེར་ཁ་བསྔོག་འདོན་བྱས་པ་སོགས་ཀྱིས་རྐྱེན་པས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་འགྲོ་བའི་ཐད་ཤུགས་རྐྱེན་ཇི་ལྟར་ཐོན་དང་ཐོན་བཞིན་པའི་སྐོར་གསལ་བཤད་གནང་བ་དང་ བོད་རང་བཙན་དོན་གཉེར་ཅན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་རྒྱའི་དབར་གྱི་འབྲེལ་བའི་གནས་བབ་སོགས་ཀྱི་སྐོར་ལ་གནས་ཚུལ་རྒྱས་སྤྲོད་གནང་ཡོད་པ་རེད།