རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱ་ནག་གི་བསམ་བློ་དང་གོམས་གཤིས་སློབ་གསོ་སྤྲོད་མཁན་དམར་ཤོག་ཚོགས་པའི་མི་སྣ་ཆེད་གཏོང་གིས་མི་རིགས་བཙན་སྒྱུར་གྱི་ལས་དོན་ཤུགས་ཆེ་རུ་གཏོང་བཞིན་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་དམར་ཤོག་ཚོགས་པའི་ཚོགས་མི་དང་དམག་མི་སོགས་ཆེད་གཏོང་གིས་རྒྱ་ནག་གི་བསམ་བློ་དང་གོམས་གཤིས་སློབ་གསོ་སྤྲད་དེ། བོད་རིགས་རྒྱ་རིགས་སུ་བཙན་སྒྱུར་གཏང་རྒྱུའི་ལས་དོན་ཤུགས་ཆེ་རུ་གཏོང་བཞིན་འདུག
འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གཙོས། ཆབ་མདོ་དང་ནག་ཆུ། མཚོ་སྔོན་ཕྱོགས་ཀྱི་སློབ་གྲྭ་ཁག་དང་། རྔ་བ་དང་བླ་བྲང་། ཁྱུང་མཆུ་སོགས་སུ་གཞུང་འབྲེལ་སློབ་གྲྭ་ཁག་ཏུ་དམར་ཤོག་ཚོགས་པའི་མི་སྣ་ཆེད་གཏོང་གིས་རྒྱ་ནག་གཞུང་འབྲེལ་གྱི་བསམ་བློ་ཆབ་སྲིད་གཙོས་རྒྱ་ཧན་མི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་། གོམས་གཤིས་སློབ་ཁྲིད་བྱེད་མཁན་མི་སྣ་གཏན་སྡོད་བྱས་ཏེ། བོད་རིགས་སློབ་ཕྲུག་ཚོའི་སློབ་ཚན་རྒྱ་ཡིག་ལ་འགྱུར་བཅོས་བཏང་བ་ཙམ་མ་ཟད་། བསམ་བློ་གོམས་གཤིས་དང་འདུ་གཤིས་སོགས་ནས་རྒྱ་སྒྱུར་གྱི་ལས་གཞི་ཤུགས་ཆེར་སྤེལ་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། རྒྱ་ནག་གིས་ཆེད་གཏོང་བྱས་པའི་མི་སྣ་དེ་དག་མང་ཆེ་བ་དམར་ཤོག་ཚོགས་པའི་མི་སྣ་དང་། རྒྱ་ནག་གི་དམག་མི་ནང་ལོ་མང་སྡོད་མྱོང་མཁན་གྱི་རྒྱ་རིགས་ཚོ་ཡིན་པ་དང་། མི་སྣ་དེ་དག་གིས་སློབ་ཕྲུག་ཚོའི་འཛིན་གྲྭ་གྲོལ་རྗེས་ཉལ་ཁང་དུ་ཡོང་སྟེ། འགྲོ་འདུག་སྤྱོད་གསུམ་དང་གོམས་གཤིས་སློབ་ཁྲིད་ཞེས། གཙོ་བོ་སློབ་ཕྲུག་ཚོའི་བསམ་བློ་གཏོང་སྟངས་དང་ཕ་མས་བསླབ་པའི་འཚོ་བའི་གོམས་གཤིས་སོགས་གཏོར་བཤིག་གིས། རྒྱ་མི་རིགས་ཀྱི་བསམ་བློ་གོམས་གཤིས་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་བཞིན་ཡོད་པ་དང་། རྔ་བ་ཕྱོགས་ཏུ་དམིགས་བསལ་དགོན་སྡེ་ཁག་ནས་དེད་ཡོང་བའི་གྲྭ་ཕྲུག་ཚོར་དམར་ཤོག་ཚོགས་པའི་བསམ་བློ་སློབ་ཁྲིད་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་གོང་ཞུས་འབྲེལ་ཡོད་བོད་མི་གཞན་དེས་མུ་མཐུད། བོད་ཀྱི་ས་ཁུལ་ཡོངས་སུ་དེ་ལྟར་བྱེད་བཞིན་ཡོད་པ་ཧ་ཅང་མངོན་གསལ་ཡིན་པ་དང་། བུ་ཕྲུག་སློབ་གྲྭར་མ་གཏང་ན་ཁྲིམས་འགལ་ཡིན་སྐོར་བརྗོད་ནས་རྗེས་འདེད་གཏོང་ཡོང་བ་མ་ཟད། སློབ་གྲྭའི་ནང་བཏང་བ་ཡིན་ན་ཕ་མ་ནང་མི་བུ་ཕྲུག་དབར་ཐུག་འཕྲད་བྱེད་མི་བཅུག་པར་བཀག་འགོག་དང་། སློབ་གྲྭའི་ནང་སློབ་ཕྲུག་ཚོར་བོད་སྐད་བཤད་མི་ཆོག་པའི་བཙན་ཐབས་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་། རྒྱ་ནག་གཞུང་འབྲེལ་ཀྲུང་གོ་བོད་ཀྱི་དྲ་རྒྱ་ཟེར་བའི་སྟེང་རྒྱ་ནག་གཞུང་གིས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ནས་སློབ་གྲྭར་བཅའ་སྡོད་སློབ་ཁྲིད་དམག་དཔོན་ཁག་དང་པོ་གྲོང་ཁུལ་གྱི་སློབ་གྲྭ་བདུན་ནང་ལས་གནས་གཉེར་ཏེ། སློབ་ཕྲུག་ཚོར་རྒྱལ་སྲུང་སློབ་གསོ་རྒྱུན་གཏན་གྱི་འཚོ་བའི་གོམས་གཤིས་ཁྲིད་སྟོན་བྱས་ཏེ། སློབ་མ་ཚོས་དམག་མིའི་སྤྱོད་ཚུལ་བཟང་པོ་ནས་ཡང་དག་པའི་རིན་ཐང་ལྟ་བ་འཛུགས་ཐུབ་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་བ་ཞིག་འདུག
སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་ཀྱི་ས་ཁུལ་གང་སར་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་ཀྱིས། བོད་ཕྲུག་ཚོར་རྒྱ་སྒྱུར་སློབ་གསོ་ཤུགས་ཆེར་སྤྲོད་བཞིན་ཡོད་པའི་གནས་ཚུལ་རིམ་པར་བསླེབས་ཡོད་པ་རེད་ལ། བོད་གནས་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་ནག་གཞུང་འབྲེལ་བཅའ་སྡོད་སློབ་གྲྭར་བཅུག་ཡོད་པ་བརྗོད་བཞིན་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༩ ཙམ་ནས་སློབ་གསོ་འདྲ་མཉམ་ཞེས་པའི་མིང་བྱང་འོག་ཏུ། བོད་ནང་གི་སློབ་གྲྭ་མང་ཆེ་བའི་ནང་བོད་ཡིག་སློབ་ཁྲིད་མེད་པ་བཟོས་ཏེ་ཐབས་ལམ་གཉིས་པའི་སློབ་ཁྲིད་ཞེས་རྒྱ་ཡིག་གཙོ་ཁྲིད་ཀྱི་སློབ་ཁྲིད་ལག་བསྟར་དང་། བོད་ཀྱི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་ཟིན་ཡོད་པ་མ་ཟད། དགོན་སྡེ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་གྲྭ་བ་ལོ་གཞོན་ཚོར་སློབ་གསོ་སྤྲོད་དགོས་སྐོར་བརྗོད་ནས་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཅུག་བཞིན་པ་སོགས་ཀྱི་གནས་ཚུལ་ཐོན་བཞིན་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་པདྨ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།