དེང་སང་རྒྱལ་ས་ལྷ་སའི་གནས་སྟངས་སྐོར།
2008.06.23
༄༅༎རྒྱ་ནག་གཞུང་གིས་ད་རེས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨོ་ལིམ་པིག་གི་དཔལ་འབར་བསྐོར་བསྐྱོད་དང་འབྲེལ་ ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་ བོད་ནང་མགྲོན་འབོད་ཀྱིས་སྣེ་འཁྲིད་བྱས་ཏེ་ ཉེ་ལམ་བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་ བོད་ཀྱི་ས་ཁུལ་སྤྱི་ཡོངས་ནང་བོད་མི་ཚོས་ རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་དོན་རྐྱེན་དེ་དག་ད་ཆ་ཞི་འཇམ་བརྟན་ལྷིངས་ཐུབ་ཡོད་པའི་ཚོར་སྣང་ཞིག་སྤེལ་ཐབས་བྱས་ཡོད་ནའང་ ཕྱི་རྒྱལ་གསར་འགོད་པ་ཚོས་བོད་ནང་རྒྱ་ནག་གཞུང་ལ་འཁོན་འཛིན་གྱི་རྣམ་པ་དེ་ཤུགས་ཆེ་ཞིག་མངོན་རྒྱུ་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད་
དེ་ཡང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གནས་ཚུལ་སྤེལ་བའི་ནང་ རྒྱ་ནག་གཞུང་གིས་ཨོ་ལིམ་པིག་གི་དཔལ་འབར་ལ་བོད་མིས་ངོ་རྒོལ་མི་ཡོང་བའི་ཆེད་ སྲུང་སྐྱོབ་ཀྱི་ཚན་པ་ཤུགས་ཆེ་བཀོད་སྒྲིག་བྱས་པ་སོགས་ཀྱིས་ཐབས་ཤེས་ཡོད་དོ་ཅོག་བྱས་ཏེ་ བོད་མིའི་ཁྲོད་མེས་རྒྱལ་ལ་ རྒྱལ་ཞེན་གྱི་རྣམ་པ་ཤུགས་ཆེ་ཡོད་པའི་ཚོར་སྣང་ཞིག་བསྐྲུན་ཐབས་བྱས་ཡོད་ནའང་ དངོས་ཡོད་ཀྱི་ཚོར་སྣང་ལ་རྒྱལ་ས་ལྷ་སའི་ནང་ཁོར་ཡུག་དེ་ནི་དངངས་འཚབ་དང་འཇིགས་སྣང་གི་རང་བཞིན་ལ་གནས་པའི་ཁོར་ཡུག་ཅིག་མངོན་རྒྱུ་ཡོད་སྐོར་བཀོད་ཡོད་པ་རེད་
དེ་ཡང་རོའུ་ཀྲར་གསར་འགོད་པས་ རྒྱ་ནག་ཧེ་པེ་ཞིང་ཆེན་ནས་ཡིན་པའི་རྒྱལ་ས་ལྷ་སའི་ནང་མོ་ཊ་གཏོང་མཁན་ རང་མིང་ཀྲང་ཟེར་བ་ཞིག་གིས་ ཁོ་པར་མོ་ཊ་བཞི་ཡོད་པ་དང་ མོ་ཊ་བཞི་པོ་དེ་རྣམས་ཚོང་ཐུབ་པ་ཡིན་ན་ གང་མགྱོགས་རྒྱ་ནག་ལ་ཕྱིར་ལོག་བྱེད་འཆར་ཡོད་པ་དང་ ལྷ་སའི་ནང་གནས་སྟངས་བརྟན་ལྷིངས་ཡག་པོ་ཞིག་ཡོང་རྒྱུར་ཉུང་མཐར་ཡང་དུས་ཡུན་ལོ་ངོ་གཉིས་ཙམ་འགོར་རྒྱུ་ཡིན་སྐོར་ངོ་སྤྲོད་བྱས་ཡོད་པ་དང་ ད་རེས་ཕྱི་ཟླ་༣ པའི་ཚེས་༡༤ དོན་རྐྱེན་དེ་ཙམ་མིིན་པར་ སྤྱི་ཡོངས་ནས་བོད་མི་ཚོ་རུ་ངར་པོ་ཞིག་ཡིན་པ་དང་ ག་དུས་ཡིན་ནའི་འཐབ་རྩོད་བྱ་རྒྱུར་གྲ་སྒྲིགས་ཡོད་པ་ཞིག་པ་རེད་ལ་ གནད་དོན་གང་ལའང་གདོང་ལེན་བྱེད་མཁན་ཞིག་རེད་ཅེས་རང་ཉིད་ཀྱི་ཚོར་སྣང་དེ་འདྲ་ཞིག་ངོ་སྤྲོད་བྱས་ཡོད་པ་རེད་ དེ་བཞིན་ཕོ་བྲང་པོ་ཏྭ་ལའི་མདུན་བོད་ཀྱི་ཕྱག་དཔེ་ཚོང་མཁན་གྱི་རྒྱ་རིགས་ ཀྲེང་ཅི་ ཟེར་བ་ཞིག་གིས་ བོད་ནང་བོད་མིའི་སྒེར་ལངས་ཀྱི་ངོ་རྒོལ་གྱི་རྗེས་རྒྱལ་ས་ལྷ་སའི་ནང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་ཕེབས་མི་ཉུང་རུ་ཕྱིན་ཡོད་པ་དང་ སྔ་ལོ་དང་བསྡུར་ན་ རྒྱ་ནག་ནས་རྒྱ་རིགས་ཡུལ་བསྐོར་སྤྲོ་འཆམ་ཡོང་མི་ཡང་ཧ་ཅང་གི་ཉུང་དུ་ཕྱིན་ཡོད་སྐོར་ངོ་སྤྲོད་བྱས་འདུག