སྨར་ཁམས་ཕྱོགས་སུ་ས་ཆའི་བདག་དབང་གི་རྩོད་རྙོག་དང་འབྲེལ་ནས་ས་གནས་ཡུལ་མིར་གུན་གསབ་སྤྲད་ཡོད་ཀྱང་ངོས་ལེན་བྱས་མི་འདུག

2024.04.22
སྨར་ཁམས་ཕྱོགས་སུ་ས་ཆའི་བདག་དབང་གི་རྩོད་རྙོག་དང་འབྲེལ་ནས་ས་གནས་ཡུལ་མིར་གུན་གསབ་སྤྲད་ཡོད་ཀྱང་ངོས་ལེན་བྱས་མི་འདུག སྨར་ཁམས་རྫོང་ཁོངས་ཕུར་པ་རུ་བ་རྟག་ཚ་ཁུལ་དུ་ས་ཆའི་བདག་དབང་གི་རྩོད་རྙོག་དང་འབྲེལ་བོད་མི་ཚོས་ཞུ་འབོད་སྐབས། ༠༤།༡༠།༢༠༢༤
བོད་འབྱོར། མི་སེར་གསར་འགོད་པ།

རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཁོངས་སྨར་ཁམས་རྫོང་ཀླུ་ར་ཆུས་(洛尼乡)་ཕུར་པ་རུ་བ་རྟག་ཚ་ཁུལ་དུ། རྒྱ་ནག་གཞུང་གིས་ས་གནས་བོད་མིའི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། སྤྱི་ཟླ་༤ཚེས་༡༠ཉིན་ས་གནས་བོད་མི་ཚོས་ཞུ་འབོད་སྐབས་བོད་མི་༤རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རྣམས་ཕྱི་ཟླ་༤ཚེས་༡༦ཉིན་གློད་གྲོལ་བཏང་ཡོད་པ་དང་། ས་གནས་མི་མང་ལ་གྱོང་མ་རག་པར་ས་ཆའི་གུན་གསབ་སྤྲོད་རྒྱུ་ཡིན་པ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁས་ལེན་བྱས་ཡོད་འདུག
རྗེས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་གུན་གསབ་སྤྲོད་རྒྱུ་ཁས་ལེན་བྱས་བའི་རྗེས། ཁྱིམ་ཚང་རེ་ལ་གུན་གསབ་རྒྱ་སྒོར་༣༠༠༠རེ་སྤྲད་ཡོད་འདུག འོན་ཀྱང་ས་གནས་མི་མང་གིས་གུན་གསབ་དེ་ཉུང་དྲགས་འདུག་ཅེས་འདོད་བློ་མ་ཁེངས་པར་གུན་གསབ་དེ་ཁས་ལེན་བྱེད་ཀྱི་མེད་ཀྱང་། བཙན་འཕྲོག་བྱས་པའི་ས་ཆ་དེ་མུ་མཐུད་བཙན་ཐབས་ཀྱིས་བརྐོ་བཞིན་འདུག་ཅེས་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་ནང་གི་འབྲེལ་ཡོད་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བྱུང་།
ཟླ་༤བའི་ཚེས་༡༦ཉིན་སྨར་ཁམས་རྫོང་གི་ཉེན་རྟོག་པ་དང་རྫོང་གི་རྒྱ་ནག་གི་འགོ་ཁྲིད་ལས་བྱེད་གཉིས། ཁྱོན་བསྡོམས་མི་གྲངས་༡༦ཙམ་སྨར་ཁམས་རྫོང་ཀླུ་ར་ཆུས་ས་གནས་དེར་སླེབས་འདུག་ཅིང་། ཁྱིམ་ཚང་རེ་ནས་ཉུང་མཐར་མི་རེ་ཚོགས་འདུར་ཡོང་དགོས་ཞེས་བཀའ་བཏང་པ་དང་། དེ་ཡང་ཚོགས་འདུའི་ཐོག་མི་མང་ལ་ཕྱི་ཟླ་༤ཚེས་༡༠ཉིན་བྱུང་བའི་ས་ཆའི་བདག་དབང་དང་གུན་གསབ་སྤྲོད་དགོས་པའི་གནད་དོན་གྱི་ཐོག་ནས་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་གདོང་ཐུག་གི་གནས་ཚུལ་བྱུང་པ་དེ་ཕྱི་ཕྱོགས་སུ་ཁྱབ་འདུག་པ་ནི་ནག་ཉེས་ཆེན་པོ་རེད་ཅེས་སྡིག་ར་སྐུལ་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། ཚོགས་འདུ་ཉིན་གསུམ་རིང་བསྟུད་མར་འཚོགས་ཡོད་པ་དང་དེའི་རིང་མི་མང་ལ་སྡིག་ར་ཤུགས་ཆེ་སྐུལ་བཞིན། གུན་གསབ་དེ་གོང་རིམ་ནས་ཐག་གཅོད་བྱས་པ་ཞིག་ཡིན་སྟབས། གཞུང་གི་བཀོད་སྒྲིག་ལྟར་མ་སོང་བ་ཡིན་ན་བཙོན་འཇུག་དང་རྡུང་རྡེག་ཕོག་རྒྱུ་ཡིན་པ་སོགས་འཇིགས་སྐུལ་བྱས་ཡོད་འདུག
ད་ལྟའི་ཆར་སྨར་ཁམས་རྫོང་ཀླུ་ར་ཆུས་ས་གནས་དེར་རྒྱ་ནག་གཞུང་གི་ཉེན་རྟོག་པ་བཅུ་གྲངས་ཞིག་གིས་ཉིན་མཚན་མེད་པར་སྐོར་གཡེང་དང་མི་མང་ལ་ལྟ་རྟོག་བྱེད་བཞིན་ཡོད་པ་རེད་འདུག

Matkham1.bmp
ཕྱི་ལོ་༢༠༢༤ཟླ་༤ཚེས་༡༠ཉིན་ས་གནས་མི་མང་གིས་ས་ཆ་བསྡུ་ལེན་བྱས་པར་གུན་གསབ་སྤྲོད་དགོས་པའི་ཞུ་འབོད་བྱེད་སྐབས། རྒྱ་ནག་གཞུང་གིས་ཉེན་རྟོག་པ་བཏང་ནས་གུན་གསབ་སྤྲོད་རྒྱུའི་ཚབ་ཏུ་འབོད་སྐུལ་ཞུ་མཁན་ཁྲོད་ནས་ཉུང་མཐར་བོད་མི་གཞོན་སྐྱེས་༤འཛིན་བཟུང་བྱས་བ་དང་ཉིན་ཤས་རྗེས་གློད་གྲོལ་བཏང་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་ཐུང་དང་བཅས་གནས་ཚུལ་འབྱོར་ཡོད།

གསར་འགོད་པ། བློ་བཟང་ཆོས་འཕེལ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎