སྨར་ཁམས་ཕྱོགས་ཀྱི་ས་ཆའི་བདག་དབང་གི་རྩོད་རྙོག་གོང་རིམ་ཆབ་མདོ་གྲོང་ཁྱེར་གཞུང་ལ་ཞུ་གཏུག་བྱེད་རྒྱུ་བཀག་ཡོད་འདུག

ཉེ་ལམ་སྨར་ཁམས་ཕྱོགས་སུ་ས་ཆའི་བདག་དབང་གི་རྩོད་རྙོག་བྱུང་བ་དེ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཕྱོགས་སུ་ཁ་བསྒྱུར་ཏེ་མི་མང་གི་བདེ་སྡུག་སེལ་མེད་པ་མ་ཟད། ཆབ་མདོ་གྲོང་ཁྱེར་གཞུང་ལ་ཞུ་གཏུག་བྱེད་རྒྱུ་བཀག་ཡོད་སྐོར་ས་གནས་དེ་ནས་འབྲེལ་ཡོད་མིང་བརྗོད་འདོད་མེད་པའི་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཁོངས་སྨར་ཁམས་རྫོང་ཀླུ་ར་ཆུས་ནོར་གནས་ཤང་ཕུར་པ་རུ་བ་རྟག་ཚ་ཁུལ་དུ། རྒྱ་ནག་གཞུང་གིས་ས་གནས་བོད་མིའི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། སྤྱི་ཟླ་༤ཚེས་༡༠ཉིན་ས་གནས་བོད་མི་ཚོས་ཞུ་འབོད་སྐབས་བོད་མི་༤རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རྣམས་ཕྱི་ཟླ་༤ཚེས་༡༦ཉིན་གློད་གྲོལ་བཏང་ཡོད་པ་དང་། ས་གནས་མི་མང་ལ་གྱོང་མ་རག་པར་ས་ཆའི་གུན་གསབ་སྤྲོད་རྒྱུ་ཡིན་པ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁས་ལེན་བྱས་རྗེས། ཁྱིམ་ཚང་རེ་ལ་གུན་གསབ་རྒྱ་སྒོར་༣༠༠༠་རེ་སྤྲོད་རྒྱུ་བྱས་འདུག འོན་ཀྱང་ས་གནས་མི་མང་གིས་གུན་གསབ་དེ་ཉུང་དྲགས་འདུག་ཅེས་འདོད་བློ་མ་ཁེངས་པར་ད་དུང་ཡང་ཁས་ལེན་བྱས་མེད་པ་རེད་ཅེས་བོད་ནས་འབྲེལ་ཡོད་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བྱུང་།
གོང་ཞུས་གནས་ཚུལ་དེ་ལྷག་རྗེས་སྨར་ཁམས་རྫོང་ཀླུ་ར་ཆུས་དམར་ཤོག་ཚོགས་པས་གལ་ཆེན་དོན་ཆེན་གྱིས་ཟླ་༤ཚེས་༡༦་ཉིན་ནས་ཚེས་༢༠་བར་ཉིན་༤་རིང་བློ་ཉི་(ནོར་གནས)་གྲོང་སྡེའི་དམར་ཤོག་ཚོགས་པའི་ཚོགས་ཁང་དུ་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་སློབ་སྦྱོང་དང་ཆབ་སྲིད་སློབ་གསོ་དང་འབྲེལ་བའི་དམིགས་བསལ་གྱི་ཚོགས་འདུ་ཞིག་འཚོགས་ཡོད་འདུག
དེའི་རྗེས་རྒྱ་ནག་གི་ལས་དོན་རུ་ཁག་གི་མི་སྣ་བོད་པའི་ཁྱིམ་ཚང་རེ་རེའི་ནང་ཡོང་བ་དང་། རུ་ཁག་ཆ་བགོས་ཀྱིས་མི་གཅིག་ཀྱང་མ་ལུས་པར་ཆབ་སྲིད་ཀྱི་སློབ་གསོ་སྤེལ་འདུག རྒྱ་གཞུང་གི་མི་སྣས་མང་ཚོགས་ལ་སློབ་གསོ་རྒྱག་སྐབས། དཀའ་ངལ་གང་འཕྲད་པ་ཡིན་ན་རྒྱ་ནག་གཞུང་གིས་སེལ་རྒྱུ་རོགས་རམ་བྱས་པ་ལས་གནས་ཚུལ་གང་བྱུང་ཕྱིར་ལ་སྤེལ་ནས་ཆེན་པོ་བཟོས་པ་ཡིན་ན་དེ་རྒྱལ་ཁབ་ལ་དམའ་འབེབས་དང་། དམར་ཤོག་ཚོགས་པར་མཚན་ཤས་འགྲོ་བའི་བྱ་སྤྱོད་ནག་ཉེས་ཚབས་ཆེན་ཞིག་ཡིན་པས་དེ་ལྟར་རྩ་བ་ནས་བྱེད་མི་ཉན་པ་ཁོང་ཁྲོ་དང་རྣམ་འགྱུར་རྩུབ་པོས་སློབ་སྟོན་བྱས་འདུག
ཕྱི་ཟླ་༥་པའི་ཚེས་༨ཉིན་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་ངོ་སྤྲོད་པས་སྨར་ཁམས་ཕྱོགས་སུ་ས་གནས་མང་ཚོགས་ལ་ཆབ་སྲིད་སློབ་གསོ་སྤེལ་བ་དེ་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་དང་ལྷ་སའི་གོང་རིམ་དཔོན་པོ་ལ་མགོ་སྐོར་གཏོང་བྱེད་ཞིག་རེད། དེ་ཡང་སྨར་ཁམས་ནང་ངོ་རྒོལ་གྱི་རྙོག་གྲ་བྱུང་བ་དེ་ས་གནས་དཔོན་རིགས་ཀྱིས་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་ལུགས་ཀྱིས་མི་དམངས་ལ་ཞྭ་མོ་གཡོག་ནས་སྡིག་ར་བསྐུལ་བ་དང་། མི་མང་ཆབ་མདོ་གྲོང་ཁྱེར་གྱི་གོང་རིམ་གཞུང་ལ་སྙན་ཞུ་རྒྱག་རྒྱུའི་ཆེད་བསྐྱོད་ཀྱང་དེ་བཀག་ནས་དེ་ལྟར་བྱས་ན་ཆབ་སྲིད་གནད་དོན་ཆགས་རྒྱུ་རེད་ཅེས་མི་མང་ལ་བྱེད་སྟངས་མ་ཤེས་བ་བཟོས་ཡོད་འདུག འོན་ཀྱང་དོན་དངོས་སུ་ས་གནས་དཔོན་རིགས་ཚོས་རང་སོ་སོའི་ལྐོག་ཟ་རུལ་སུངས་ཀྱི་བྱས་ཉེས་འགེབས་ཐབས་ཀྱི་ཆེད་དུ་ཡིན་པ་ལས་ས་ཆ་བདག་དབང་བཙན་འཕྲོག་གི་གནད་དོན་དེ་ཆབ་སྲིད་དང་འབྲེལ་བ་སྤུ་ཙམ་ཡང་ཡོད་པ་མ་རེད་ཅེས་བརྗོད་བྱུང་།
ད་དུང་བོད་ནས་འབྲེལ་ཡོད་ཁོང་གིས་བརྗོད་དོན་ལ། མི་མང་གི་ས་ནས་བཙན་འཕྲོག་བྱས་པའི་ས་ཆ་དེ་རིང་ཚད་སྤྱི་ལེ་༡དང་ཕྱེད་ཀ་ལྷག་ཙམ་དང་། རྒྱ་ཁྱོན་སྤྱི་ལེ་གཅིག་ཙམ་ཞིག་ཡོད་པའི་དེ་རྒྱ་སྒོར་ཁྲི་༥༠༠ཙམ་གྱི་ས་གོང་རག་པ་ཚོད་དཔག་བྱེད་ཀྱི་ཡོད། ཉེ་བའི་རིང་སྨར་ཁམས་རྫོང་གི་ཉེན་རྟོག་པ་དང་དམག་མི་ཡོང་ནས་མི་མང་ལ་ཁ་གྲགས་མ་བཅུག་པར་རྡུང་རྡེག་དང་འཇིགས་བསྐུལ་བྱས་ནས་མི་མང་ལ་སྡུག་པོ་བཏང་ཞིང་། ཁེ་བཟང་ཁོང་ཚོ་གཞུང་གི་འབྲེལ་ཡོད་ཚོས་ཟས། ཁོར་ཡུག་གཏོར་བཤིག་གཏང་བ་དང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་འགོ་ཁྲིད་ཚོ་ས་གནས་ཀྱི་གནད་དོན་ཞིབ་འཇུག་བྱེད་པར་ཚུར་ཡོང་གི་མེད་པ་དང་ཕར་མང་ཚོགས་གཏོང་གི་མི་འདུག་ཅེས་གནས་ཚུལ་ངོ་སྤྲོད་གནང་བྱུང་།
ས་གནས་མི་མང་ལ་དཀའ་ངལ་དེ་ཡོང་རྐྱེན་གཙོ་བོ་སྨར་ཁམས་རྫོང་གཞུང་གི་འགན་འཁུར་མི་སྣས་ཚོང་པ་དང་ལག་འབྲེལ་བྱས་ནས་ས་ཆ་ཕྱིར་ཚོང་བྱས་པ་དང་། འབྲེལ་ཡོད་དཔོན་རིགས་ཁོང་ལ་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དོགས་གཞིའི་འོག་༢༠༢༣ལོའི་ལོ་འགོ་ནས་ཞིབ་འཇུག་བྱས་པ་དང་། ལོ་དེའི་སྤྱི་ཟླ་༩པའི་ནང་ཁོང་དངོས་སུ་འཛིན་བཟུང་བྱས་ཡོད་པ་རེད།
གསར་འགོད་པ། བློ་བཟང་ཆོས་འཕེལ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།