ཉི་ཧོང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི།
2010.12.04
༄༅༎ཉི་ཧོང་ནང་གནས་སྡོད་གནང་མཁན་གྱི་བོད་མི་ཚོ་དང་དེ་བཞིན་ཉི་ཧོང་བ་ཁྱོན་མི་གྲངས་བརྒྱད་ཅུ་ལྷག་ཙམ་ཞིག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སླེབས་གྲབ་ཡོད་པ་དང་སྟུན་ནས་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྲུང་བརྩི་ཞུས་པ་དང་འབྲེལ་ཉི་ཧོང་མི་མང་ཚོས་བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུར་དེ་རིང་གཟའ་སྤེན་པའི་ཉིན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག ལས་འགུལ་དེ་བཞིན་ཉི་ཧོང་ནང་ཡོད་པའི་བཙན་བྱོལ་བོད་མིའི་ཚོགས་པ་དང་དེ་མིན་ཉི་ཧོང་གི་ཚོགས་པ་མི་དྲ་བ་དྲུང་ཟུང་འབྲེལ་ཐོག་ནས་སྤེལ་བ་ཞིག་ཡིན་ཞིང་གོམ་བགྲོད་གོ་བཙུགས་མ་གནང་སྔོན་ཐོག་མར་ཉི་ཧོང་གི་རྒྱལ་ས་ཁྲོག་ཁྱོར་ནང་ཡོད་པའི་ཤིན་ཇུ་ཀུ་ས་གནས་ནང་འདུ་འཛོམས་གནང་ཡོད་པ་དང་འདུ་འཛོམས་དེའི་ཐོག ཉི་ཧོང་གི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མ་ཀི་ནོ་སེ་ཤུ་དང་ ཁྲོག་ཁྱོར་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་ཨི་ཤི་ཧ་ར་ཤིན་ཏོ་རྣམ་གཉིས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད་ཅིང་ གསུང་འཕྲིན་ནང་དཔོན་རིགས་རྣམ་པ་གཉིས་ཀྱིས་རང་ནུས་གང་ཐུབ་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང་ལྷག་པར་དུ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་སྐྲུན་རྒྱུར་རྒྱབ་སྐྱོར་རོགས་རམ་ལྷོད་མེད་གནང་རྒྱུའི་འདུན་པ་གསལ་སྟོན་གནང་ཡོད་པ་རེད་
དེ་རྗེས་ཉི་ཧོང་ནང་ཡོད་པའི་ལྦེན་ལྦ་ཀ་ཨོ་མི་ཞེས་པའི་དགེ་འདུན་པའི་མཐུན་ཚོགས་ཀྱིས་ཀྱང་བོད་ནང་གི་གནས་སྟངས་ཐོག་ཉི་ཧོང་གཞུང་གིས་སྣང་མེད་མ་གནང་བར་དོ་སྣང་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག འདུ་འཛོམས་ཀྱི་རྗེས་གྲོམ་བགྲོད་ནང་བཞུགས་མཁན་ཚོས་ ཁྲོག་ཁྱོར་གྲོང་ཁྱེར་གྱིས་སྲང་ལམ་ཁག་བརྒྱུད་ནས་ལག་ཏུ་བོད་ཀྱི་རྒྱལ་དར་སོགས་བསྣམས་ཏེ་གོམ་བགྲོད་གནང་ཡོད་པ་དང་ གོམ་བགྲོད་ནང་བཞུགས་མཁན་ཉི་ཧོང་གི་མི་རིགས་རྒན་གཞོན་སྣ་ཚོགས་ཡོད་ཅིང་ཉི་ཧོང་བ་ལོ་ན་རྒན་པ་ཚོས་ཉི་ཧོང་གི་གཞོན་སྐྱེས་ཚོས་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་རུ་གཏོང་རྒྱུའི་སྐུལ་དེད་གནང་ཡོད་པ་མ་ཟད་གོམ་བགྲོད་ནང་བཞུགས་མཁན་གཞོན་སྐྱེས་ཤིག་གིས་ཉི་ཧོང་མི་མང་ཚོས་བོད་དོན་ཐོག་དངོས་ཡོད་ཕན་ཐོག་པའི་ལས་འགུལ་སྤེལ་ཐུབ་རྒྱུར་ཁག་པོ་ཡོད་ཀྱང་ ཁོང་ཚོས་རང་ནུས་གང་ཡོད་ཀྱིས་བོད་མི་ཚོར་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལུགས་གསུང་པའི་གནས་ཚུལ་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་འཁོད་འདུག།