བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན།

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་སྐོང་ཚོགས་གནང་འདུག

2012.04.18

༄༅༎ཟླ་བ་འདིའི་ཚེས་ ༡༨ དང་ ༡༩ བཅས་ཉིན་གྲངས་གཉིས་རིང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་སྐོང་ཚོགས་གནང་འདུག།
སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་བཀའ་ཁྲི་མཆོག་དང་དཔལ་འབྱོར་བཀའ་བློན་མཆོག་གིས་གཙོས་ལྷན་ཁང་གི་ཁག་གི་དྲུང་ཆེ་རྣམ་པ། ཚོང་ལས་བདེ་ཚོགས་ཀྱི་འཐུས་མི་རྣམ་པ་ལྷན་འཛོམས་ཀྱིས་ཐོག་མར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་སྣེ་ལེན་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་ནས་བོད་བསྟན་སྲིད་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་གནང་ཡོད་པ་རེད།
དེ་རྗེས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ནོར་བུ་ལགས་ཀྱིས་ ལོ་འཁོར་ལས་བསྡོམས་སྒྲོག་སྦྱང་གནང་བ་དང༌། ཚོང་ལས་བདེ་ཚོགས་ངོས་ནས་བཀའ་ཁྲི་མཆོག་དང་དཔལ་འབྱོར་བཀའ་བློན་མཆོག སྤྱི་འཐུས་ཚོགས་གཙོ་བཅས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་གྲུབ་མཚམས་དངུལ་གཉེར་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ལོ་འཁོར་རྩིས་ཁྲ་སྒྲོག་སྦྱང་གནང་བཞག།
དེ་ནས་བཀའ་ཁྲི་མཆོག་གིས་ ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་བཞུགས་སྒར་དུ་ཚོགས་པར་བཅར་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོང་པའི་ལྷན་ཚོགས་དེ་བཞིན་སྤྱི་ཚོགས་ནང་ཕན་ཐོགས་བྱེད་མཁན་ཞིག་ཡོང་གི་རེད་ཅེས་བཀའ་སློབ་ཕེབས་པ་ལྟར། ཚོང་པའི་ལྷན་ཚོགས་ཀྱིས་འབད་བརྩོན་གནང་དང་གནང་མུས་ཡིན་པ་ཧ་ཅང་ཡག་པོ་རེད། བཀའ་ཤག་གིས་དུས་རྟག་ཏུ་གཞི་རིམ་གྱི་ལྟ་གྲུབ་གསུམ་ཞུས་དང་ཞུ་མུས་ཡིན། ཆིག་སྒྲིལ་ནི། ཆོལ་ཁ་དང་ཕོ་མོ། དབུལ་ཕྱུག་དབྱེར་མེད་ལ་གཅིག་གྱུར་ཐོག་ནས་ལས་ཀ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་གསར་གཏོད་ཐོག་ཚོང་པའི་ལྷན་ཚོགས་ཀྱིས་ཐུགས་ཕན་གསོས་པ་གནང་གི་ཡོད་པ་རེད་ལ་གནང་དགོས་པ་ཞིག་ཀྱང་རེད། གསར་གཏོད་རིམ་པའི་ཐོག་ནས་སྔོན་མ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་ཕེབས་འདུག་ལ་ད་དུང་ཡང་ཕེབས་ཏེ་རྒྱ་ཆེ་རུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚོང་དང་ཆབ་སྲིད་གང་ཞིག་ཡིན་རུང་མཐར་མི་དང་མིའི་དབར་ལ་འབྲེལ་བ་ཆགས་ཀྱི་ཡོད་པར་བརྟེན། མི་དང་མིའི་དབར་གྱི་འབྲེལ་ལམ་ཡག་པོ་བྱུང་ན་དོན་དག་གང་ཞིག་ཡིན་རུང་སྒྲུབ་ཀྱི་ཡོད། དེ་བཞིན་འཕྲུལ་ཆས་ཀྱི་བརྒྱུད་ལམ་ནས་ཁྲིམས་མཐུན་ཐོག་ཚོང་གཉེར་བྱ་རྒྱུ་གལ་ཆེན་པོ་རེད། རང་ཁ་རང་གསོའི་ཐོག་ཕལ་ཆེར་དམིགས་བསལ་སྤྱི་ཚོགས་ནང་དངོས་སུ་ལག་བསྟར་གནང་མཁན་ཚོང་པ་ཚོ་ཆགས་ཡོད་སྐོར་གསུངས་བཞག།
དེ་ནས་ཚོང་ལས་བདེ་ཚོགས་ངོས་ནས་ཚོགས་མི་ཁག་ཅིག་ལ་གནང་རྒྱུའི་གཟེངས་རྟགས་དེ་བཞིན་བཀའ་ཁྲི་མཆོག་གིས་གནང་ཡོད།་  སྤྱིར་བཏང་བོད་མིའི་ཚོང་ལས་བདེ་ཚོགས་ལ་ད་ལྟའི་ཆར་ཚོགས་མི་གྲངས་ ༡༩༠ བརྒལ་བ་ཡོད་པ་མ་ཟད། ཐེངས་འདིའི་ཚོགས་འདུར་སུད་སི་དང་། སི་པན། ཕ་རན་སི། ཨ་རི། རྒྱ་གར། བལ་ཡུལ་བཅས་ནས་ཁྱོན་འཐུས་མི་གྲངས་ ༥༠ བརྒལ་བ་མཉམ་ཞུགས་གནང་ཡོད་སྐོར་ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎