རྒྱ་ནག་གིས་བོད་ནང་ངལ་རྩོལ་བཙོན་རྭ་གསར་བསྐྲུན་བྱེད་བཞིན་འདུག་ཟེར།
2019.02.14
རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་ཞིག་གིས་བོད་ནང་ངལ་རྩོལ་བཙོན་རྭ་གསར་རྒྱག་བྱེད་བཞིན་ཡོད་པ་གསུངས་འདུག
རྒྱ་གར་དཔུང་དམག་གི་མདའ་དཔོན་ཟུར་པ་དང་མི་བཟོས་སྒྱུ་སྐར་བརྙན་པར་ཐོག་དམིགས་བསལ་ཞིབ་འཇུག་པ་སྐུ་ཞབས་ཝི་ནཱ་ཡཀ་ བྷཊ་ལགས་ཀྱིས་རྒྱ་ནག་གཞུང་གིས་ཁམས་ཀྱི་ལྷོ་ཕྱོགས་ས་ཁུལ་གྱི་ནང་ངལ་རྩོལ་བཙོན་རྭ་གསུམ་ཙམ་གསར་རྒྱག་བྱེད་བཞིན་ཡོད་པ་མིས་བཟོས་རྒྱུ་སྐར་གྱི་བརྙན་པར་ཐོག་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་གཏམ་བཤད་ཞིག་གནང་སྐབས་གསུངས་འདུག
ཁོང་གིས་ཞིབ་དཔྱད་གནང་པའི་མིས་བཟོས་རྒྱུ་སྐར་གྱི་བརྙན་པར་ཁག་གཅིག་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་རྒྱ་གར་གྱི་(The Print)ཞེས་པའི་གསར་འཕྲིན་ནང་སྤེལ་ཡོད་པ་རེད།
སྐུ་ཞབས་ཝི་ནཱ་ཡཀ་བྷཊ་ལགས་སུ་ངལ་རྩོལ་བཙོན་རྭ་གསར་པ་རྒྱག་བཞིན་པ་དོགས་གཞི་ཡོད་པའི་བོད་ཀྱི་ས་ཁུལ་གང་ཞིག་ཡིན་མིན་བཀའ་འདྲི་ཞུས་སྐབས། ཁམས་ལྷོ་ཕྱོགས་ཀྱི་ས་ཁུལ་ཞིག་ཡིན་སྲིད་པ་གསུངས་པ་ལས་ཞིབ་ཕྲ་འགྲེལ་བརྗོད་གནང་མེད་པ་རེད། འོན་ཀྱང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་པ་སྐུ་ཞབས་བྷཊ་ལགས་ཀྱིས་ཁོང་གིས་དེ་ལྟར་ཚོད་དཔག་གནང་དོན་ནི། རྒྱ་ནག་གཞུང་གིས་ཁམས་ཀྱི་ས་ཁུལ་ནང་འཛུགས་བསྐྲུན་བྱེད་བཞིན་པའི་ཁང་པའི་བཟོ་དབྱིབས་དང་། ཤིན་ཅང་ས་ཁུལ་ནང་ངལ་རྩོལ་བཙོན་རྭ་འཛུགས་བསྐྲུན་བྱས་པ་དེ་གཉིས་ཧ་ཅང་འདྲ་མཚུངས་ཡོད་པ་གསུངས་འདུག་ལ། ད་དུང་ཁོང་གིས་འགྲེམ་སྤེལ་གནང་པའི་བརྙན་པར་ནང་། ཁམས་ཁུལ་གསར་རྒྱག་བྱེད་བཞིན་པའི་འཛུགས་བསྐྲུན་དེ་དག་གི་རྩིག་པའི་རྒྱ་ཁྱོན་དང་ཁང་དབྱིབས། ཉེན་སྲུང་བའི་རྟེན་སྒར་སོགས་མཐོང་རྒྱུ་ཡོད་པ་དེ་དག་ལ་གཞིགས་ནས་གསར་རྒྱག་བྱེད་བཞིན་པའི་འཛུགས་བསྐྲུན་དེ་དག་ངལ་རྩོལ་བཙོན་རྭ་ཡིན་པ་ཁོང་གིས་གསུང་ཐུབ་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག
ད་དུང་བརྙན་པར་གཞན་ཞིག་གི་ནང་། དཀར་མཛེས་ཁུལ་གྱི་དགོན་པ་ཞིག་ལ་དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་ས་ཡོམ་སྐབས་གནོད་སྐྱོན་ཕོག་རྗེས་བསྐྱར་གསོའི་ལས་གཞིའི་འོག་ད་ཆ་དགོན་པ་དེ་ཡང་བཙོན་རྭ་ཆེན་པོ་ལྟ་བུ་ཞིག་བཟོས་ཡོད་པ་ཡང་མི་བཟོས་སྒྱུ་སྐར་གྱི་བརྙན་པར་ཐོག་ནས་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་གསུངས་འདུག
རྒྱ་ནག་གཞུང་གིས་ངལ་རྩོལ་བཙོན་རྭའི་ལམ་ལུགས་མེད་པ་བཟོས་ལུགས་བརྗོད་བཞིན་ཡོད་ཅིང་། གལ་ཏེ་བོད་ནང་སླར་ཡང་ངལ་རྩོལ་བཙོན་རྭ་གསར་རྒྱག་བྱེད་བཞིན་ཡོད་ཚེ་དེ་ནི་རྒྱ་ནག་གཞུང་རང་ཉིད་ཀྱི་བཤད་པ་དང་འགལ་ཟླ་ཆགས་རྒྱུ་མ་ཟད། ངལ་རྩོལ་བཙོན་རྭ་དེ་དག་གནད་དོན་གང་ཞིག་གི་ཐོག་བེད་སྤྱོད་བྱེད་མིན་ཐད་དབྱེ་ཞིབ་པ་མང་པོས་དོ་སྣང་ཆེན་པོ་བྱེད་རྒྱུ་ངེས་པ་ཡིན་པ་རེད།