རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་རྒྱལ་ཚོགས་ནང་ཐེར་འདོན་གནང་འདུག

2022.09.27
རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་རྒྱལ་ཚོགས་ནང་ཐེར་འདོན་གནང་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༥༡པའི་ཐོག ༠༩།༡༢།༢༠༢༢
AFP

རྒྱ་གཞུང་གིས་བོད་དང་ཤིན་ཅང་གཙོས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཐེར་འདོན་གནང་འདུག
ཕྱི་ཚེས་༢༦ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༥༡པའི་ཐོག ཨ་མི་རི་ཀའི་རྒྱལ་ཚོགས་ཀྱི་སྐུ་ཚབ་གཞོན་པ་སྐུ་ཞབས་(Kelly Billingsley)་ཡིས་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པའི་གནས་བབས་སྐོར་སྙན་སེང་ཞུས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་(Afghanistan)་དང་། Belarus, Burma, Ethiopia, Nicaragua, Russia, Syria རྒྱ་ནག་བཅས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་ལ་བློ་ཚབས་ཡོད་པའི་སྐོར་གསུང་གནང་སྐབས། ཁོང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོར་གནར་གཅོད་དྲག་པོ་གཏོང་བ་དང་། ཁོང་ཚོའི་ཐུན་མོང་མ་ཡིན་པའི་ཆོས་དང་སྐད་ཡིག་དང་རིག་གཞུང་གི་ངོ་བོའི་ཐོག་དྲག་གནོན་གྱི་ལས་དོན་ཙམ་མ་ཟད། ཧོང་ཀོང་ནང་གི་རང་དབང་ཁག་གཏོར་བཤིག་དང་སྨྲ་བརྗོད་རང་དབང་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་བཅས་ལ་བློ་ཚབས་ཡོད་པ་གསལ་བོར་ནན་གསུང་གནང་འདུག དེའི་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ཨ་རིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་བཅས་བོད་མིའི་གནད་དོན་ཐེར་འདོན་གྱིས་ཐུགས་ཚབས་ཡོད་སྐོར་གསུངས་པ་དེར་རྗེས་སུ་ཡིད་རང་ཞུ་བཞིན་ཡོད། དེ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་གསར་པ་སྐུ་ཞབས་(Voker Turk)་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་གནང་ཆེད་མ་འོངས་བར་བོད་ནང་ཕེབས་པའི་རེ་བ་དང་ཡིད་ཆེས་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་སྔ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་(Michelle Bachlet)་ཉེ་ལམ་ཕྱི་ཟླ་༥བའི་ནང་རྒྱ་ནག་ནང་གཟིགས་སྐོར་ཕེབས་སྐབས་ཤིན་ཅང་མ་གཏོགས་སྐབས་དེར་བོད་ནང་ཕེབས་ཐུབ་མེད་པ་རེད།
ཇི་ནི་ཝར་བཅའ་བཞུགས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས། རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་ཨ་རི་གཙོས་ཡོ་རོབ་མཐུན་ཚོགས་ཀྱིས་ཀྱང་དེ་འབྲེལ་གྱི་གཏམ་བཤད་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་མི་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ཐུགས་འཚབ་ཡོད་སྐོར་གསུངས་བ་ནི། རྒྱ་ནག་གཞུང་གིས་དུས་རྟག་ཏུ་རྒྱལ་སྤྱིའི་ཁྲོད་བོད་དང་ཤིན་ཅང་སོགས་ཀྱི་ནང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་དཀའ་ངལ་གང་ཡང་མེད་སྐོར་རྫུན་གཏམ་བཤད་བཞིན་པ་རྣམས་གསལ་སྟོན་བྱ་རྒྱུའི་གོ་སྐབས་དང་སྡིངས་ཆ་ཡག་ཤོས་ཞིག་ཡིན་པ་བརྗོད་བྱུང་།
གཙོ་བོ་སྐུ་ཞབས་(Kelly Billingsley)་ཡིས། ཚོགས་ཐོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་དང་མི་སྤྱོད་ལས་འདས་པའི་ནག་ཉེས་ཅན་གྱི་ལས་འགུལ་སྤེལ་བར་བློ་ཚབས་ཤུགས་ཆེ་ཡོད་ཅེས་དང་། ཉེ་སྔོན་ཕྱི་ཟླ་བརྒྱད་པའི་ཚེས་༣༡ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་གསལ་བ་བཞིན། ཤིན་ཅང་ནང་མི་གང་བྱུང་གིས་འཛིན་བཟུང་དང་གནར་གཅོད་གཏོང་བ། གཞན་ཡང་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པའི་གནད་དོན་ཁག་གི་ཐོག་དོ་སྣང་གནང་དགོས་པའི་དགོས་འདུན་བཏོན་གྱི་ཡོད་ཅེས་གསུང་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎