སྲིད་སྐྱོང་མཆོག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་གསར་པར་བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་དགོས་པ་འབོད་སྐུལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གསར་དུ་བསྐོ་བཞག་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་མཆོག་ལ་འཚམས་འདྲི་དང་མཉམ་འབོད་སྐུལ་ཁག་ཅིག་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། གསར་དུ་བསྐོ་བཞག་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་གསར་པ་(Volker Turk)་ལགས་སུ། དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཁོང་ཉིད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་དུ་བསྐོ་བཞག་བྱུང་བར་འཚམས་འདྲིའི་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་གནང་བའི་ནང་། སྐུ་ཉིད་ཀྱིས་འདས་པའི་བྱ་བཞག་ཁག་ནང་རྒྱལ་སྤྱིའི་ཁྲིམས་ལུགས་སྲུང་སྐྱོབ་དང་། དྲང་བདེན། འགན་ཁུར་གྱི་ཕྱག་ལས་གནང་ཕྱོགས་དེས་འབྱུང་འགྱུར་གྱི་ལས་དོན་ཁྲོད་གལ་འགངས་ཆེ་བའི་ནུས་པ་བཏོན་ཐུབ་རྒྱུར་ཡིད་ཆེས་གནང་གི་ཡོད་ཅེས་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཉེ་ཆར་རྒྱ་ནག་གི་དབང་འཛིན་འོག་ཡོད་པའི་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་གྱི་གནད་དོན་ཐད་སྙན་ཐོ་འདོན་སྤེལ་གནང་བར་དགའ་བསུ་དང་མཉམ། སྙན་ཐོ་དེའི་ཐོག་ནས་རྒྱ་ནག་དམར་ཤོག་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་གཙོས་གྲངས་ཉུང་མི་རིགས་ཚོའི་ཐོག་མི་ཆོས་ལས་འདས་པའི་བཙན་གནོན་བྱེད་བཞིན་པའི་གནས་སྟངས་ངོས་ལེན་གནང་ཡོད་པ་དང་། ད་ཆ་སྙན་ཐོའི་ནང་དོན་ཁག་ལག་བསྟར་གནང་ཏེ་དོན་དངོས་ཐོག་ནས་ཤུགས་རྐྱེན་སྤྲོད་ཐུབ་རྒྱུར་སྐུལ་མ་ཞུ་ཡི་ཡོད་ཅེས་བཀོད་གནང་འདུག
ད་དུང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་མཆོག་གིས་བོད་ནང་གི་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དཔྱད་ཞིབ་གནང་རྒྱུའི་འབོད་སྐུལ་གནང་འདུག་ལ། དམིགས་བསལ་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭ་ཁག་བཙུགས་ཡོད་པའི་གནས་སྟངས་ལ་ཞིབ་འཇུག་གནང་རྒྱུའི་སྐུལ་མ་གནང་ནས། བོད་ནང་གསར་བཙུགས་བྱས་པའི་གཏན་སྡོད་སློབ་གྲྭ་དེ་ཚོའི་ནང་བོད་པའི་སློབ་མ་ཚོད་རྩིས་བྱས་ན་ཁྲི་ལྷག་ཡོད་པ་དང་། གཏན་སྡོད་སློབ་གྲྭ་དེ་རིགས་གསར་བཙུགས་བྱས་པ་བརྒྱུད་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་གཞོན་སྐྱེས་ཚོའི་མི་རིགས་མཚོན་དོན་རིག་གནས་དང་སྐད་ཡིག་ཆོས་ལུགས་དང་འཚོ་ཐབས་མེད་པ་བཟོ་ཐབས་ཀྱི་འཆར་གཞི་གོ་རིམ་ལྡན་པའི་ལས་གཞི་ཞིག་མཚོན་ཐུབ་ཀྱི་ཡོད་པ་གསལ་སྟོན་གནང་འདུག་ཏེ་ལས་འཆར་དེ་རིགས་འཚམས་འཇོག་དགོས་པའི་སྐུལ་མ་གནང་རྒྱུའི་འབོད་སྐུལ་ཞུས་གནང་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།