བོད་ཀྱི་བུད་མེད་ལ་དབྱེ་འབྱེད་བྱེད་བཞིན་པ་མཚམས་འཇོག་དགོས་པ་རྒྱ་ནག་གཞུང་ལ་ནན་སྐུལ་གནང་འདུག

2023.06.01
བོད་ཀྱི་བུད་མེད་ལ་དབྱེ་འབྱེད་བྱེད་བཞིན་པ་མཚམས་འཇོག་དགོས་པ་རྒྱ་ནག་གཞུང་ལ་ནན་སྐུལ་གནང་འདུག རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་འདུའི་བོད་ཀྱི་སྐུ་ཚབ་ཚོས་བོད་ནང་གི་བུད་མེད་གནས་སྟངས་གླེང་སྐབས། ༠༥།༠༨།༢༠༢༣
Tibet Bureau Geneva

དེ་ཡང་ཕྱི་ཟླ་༥བའི་ཚེས་༡༢ནས་༢༦བར་སུད་སི་གྲོང་ཁྱེར་ཇེ་ནི་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བུད་མེད་ལ་དབྱེ་འབྱེད་འགོག་པའི་ལྷན་ཚོགས་ཐེངས་༨༥པ་དེ་སྐོང་ཚོགས་གནང་བའི་སྐབས། རྒྱ་ནག་ལ་གནད་དོན་འདྲ་མིན་ཐད་འདྲི་རྩད་བྱས་པའི་མཇུག་འབྲས་ཞིབ་འཇུག་གི་ཚིག་ཐོ་སྤྱི་ཟླ་༥ཚེས་༣༠ཉིན་འདོན་སྤེལ་གནང་ཡོད་ཅིང་། ཁྱོན་ཤོག་གྲངས་༢༡ཡོད་པའི་སྙན་ཐོ་དེའི་ནང་། རྒྱ་ནག་ནང་བུད་མེད་ལ་ཐོབ་ཐང་འདྲ་མཉམ་མ་སྤྲད་པའི་གནད་དོན་སྐོར་གྱི་དོན་ཚན་༩༠གླེང་ཡོད་པ་དང་། སློབ་གསོ་དང་འབྲེལ་བའི་ཚན་པའི་ནང་དུ། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་སོ་སོའི་སྐད་ཡིག་སློབ་ཁྲིད་བྱེད་སའི་སྒེར་གཉེར་སློབ་གྲྭ་ཁག་བཙན་གྱིས་སྒོ་རྒྱབ་པ་དང་། དེ་བཞིན་བོད་ཁུལ་དུ་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་བཙུགས་བཞིན་པའི་གནད་དོན་སོགས་ལ་བློ་འཚབ་ཡོད་པ་གསུངས་ཏེ། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སའི་སྒེར་གཉེར་སློབ་གྲྭ་འཛུགས་རྒྱུར་ཆོག་མཆན་དང་མཐུན་རྐྱེན་སྦྱར་ནས། བོད་ཀྱི་བུད་མེད་བྱིས་པ་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་གསུངས་འདུག ཡང་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་པའི་ལྷན་ཚོགས་ཀྱིས་རྒྱ་ནག་ལ་འདྲི་རྩད་བྱས་པའི་སྙན་ཐོ་དེའི་ནང་། རྒྱ་ནག་དམར་ཤོག་གཞུང་གིས་ལག་རྩལ་སློབ་གྲྭ་ཟེར་བ་སོགས་ཀྱི་མིང་ཐོག་ནས་བོད་དང་ཡུ་གུར་མི་རིགས་ཀྱི་བུད་མེད་རྣམས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བཀོལ་བ་དང་དུས་མཚུངས་ཀླད་པ་བཀྲུ་བའི་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་པའི་གནས་སྟངས་དང་། ཆོས་དད་རང་དབང་མེད་པ། འགྲོ་འོང་རང་དབང་མེད་པ། གཞན་བུད་མེད་ལ་བཙན་གཡེམ་དང་བུད་མེད་ལྐོག་ཚོང་བྱས་པ། བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་དུ་འཇུག་བཞིན་པ། ནང་ཁྲོལ་བཏོན་པ་སོགས་ཀྱི་དཀའ་ངལ་དེ་དག་བོད་དང་ཡུ་གུར་བའི་བུད་མེད་ཐོག་དམིགས་བསལ་གྱི་དཀའ་ངལ་ཚབས་ཆེན་ཡིན་པ་དེ་ནི་མི་རིགས་དབྱེ་འབྱེད་བྱེད་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་ནན་སྐུལ་བྱས་འདུག

གོང་ཞུས་ཚོགས་འདུ་དེའི་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་དང་། བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་བཅས་ཕེབས་ཞུགས་གནང་ནས། རྒྱ་ནག་གི་བཙན་བཟུང་འོག་གི་བོད་ནང་གི་བུད་མེད་ཚོར་རྒྱ་ནག་གཞུང་གིས་དབྱེ་འབྱེད་ཕྱོགས་ལྷུང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་ཐེར་འདོན་དང་ཞུ་གཏུག བྱ་སྤྱོད་དེ་དག་འགོག་ཐབས་སུ་འབོད་སྐུལ་སོགས་གནང་ཡོད་པ་རེད།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎