རྒྱལ་ཚོགས་སུ་རྒྱལ་ཁབ་མང་པོའི་སྐུ་ཚབ་ཚོས་བོད་ནང་གི་གནས་སྟངས་གླེང་སློང་གནང་ནས་བློ་ཚབས་ཡོད་པ་བསྟན་འདུག
དེ་ཡང་སུད་སུའི་གྲོང་ཁྱེར་(Geneva)་ནང་སྐོང་ཚོགས་གནང་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༢དེ་བཞིན་སྤྱི་ཟླ་བཞི་བའི་ཚེས་༤བར་ཚོགས་བཞིན་པ་ལྟར། དེའི་ཐོག་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་ཨ་མི་རི་ཀ་གཙོས་ཚོགས་བཅར་རྒྱལ་ཁབ་ཨོསི་ཊརེ་ལི་ཡ་(Australia)་དང་། ཨོསི་ཊརེ་ཡ་(Austria) བྷེལ་ཇམ་(Belgium) ཅེག་སྤྱི་མཐུན་རྒྱལ་ཁབ། ཌན་མར་ཁུ་(Denmark) ཧྥིན་ལན་ཌི་(Finland) ཇར་མན་ནི་(Germany) ཨཡེ་སུ་ལན་ཌི་(Iceland) ཉི་ཧོང་། (Lithuania) ནོར་ཝེ་(Norway) སུད་སི། སུད་ཝེ་ཌན་(Sweden) དབྱིན་ཡུལ་སོགས་ཀྱིས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་དོན་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་གནས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་གི་སྡུག་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་སྐོར་ཐེར་འདོན་སྐྱོན་བརྗོད་དང་འབྲེལ་གནད་དོན་དེའི་རིགས་མྱུར་དུ་སེལ་ཐབས་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་ལ་གླེང་སློང་གནང་མཁན་གྱི་གྲས་ནས་དཔེར་ན། ཨོསི་ཊརེ་ལི་ཡ་(Australia)་འི་སྐུ་ཚབ་ནས་གསུངས་པར། བོད་ནང་གི་བོད་མིའི་ཤེས་ཡོན་དང་ཆོས་ལུགས། རིག་གཞུང། སྐད་ཡིག་ཐོབ་ཐང་དང་རང་དབང་སོགས་ཀྱི་ཐད་བློ་ཚབས་ཡོད་པའི་སྐོར་གསུངས་ནས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་གཏོང་བཞིན་པའི་བྱ་སྤྱོད་ལ་ཧ་ཅང་གི་བློ་ཚབས་ཡོད་པའི་སྐོར་གསལ་སྟོན་གནང་འདུག དེ་བཞིན་བྷེལ་ཇམ་(Belgium)་གྱི་སྐུ་ཚབ་ནས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་རྣམས་རྒྱ་ནག་གི་སྟངས་འཛིན་འོག་གི་གཏན་འཇགས་སློབ་གྲྭར་བཞག་པའི་སྲིད་ཇུས་དང་། བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་ལེན་བྱེད་པའི་བྱ་སྤྱོད་སྐོར་ཐེར་འདོན་བྱས་འདུག ཧྥིན་ལན་ཌའི་(Finland)་སྐུ་ཚབ་ནས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་བདེན་དཔང་གི་ཐོག་ནས་རྒྱ་ནག་གཞུང་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ནི། བཙོན་པ་དང་། མི་རིགས། ཆོས་ལུགས། གྲངས་ཉུང་མི་རིགས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། ཤེས་ལྡན་པ་དང་ཁྲིམས་རྩོད་པ་སོགས་དབྱེར་མེད་ཀྱིས་འགྲོ་བ་མི་ཚང་མར་ལོངས་སུ་སྤྱོད་དུ་བཅུག་དགོས་པའི་སྐོར་གསུངས་ཡོད་པ་རེད།
དེ་བཞིན་(Denmark)་དང་སུད་སི། དབྱིན་ཇི། ཨ་རི། ཇར་མན་ནི། (Lithunia) སུད་ཌན་སོགས་རྒྱལ་ཁབ་མང་པོས། བོད་ནང་གི་བོད་ཕྲུག་མང་པོ་ཕ་མ་ནང་མི་དང་ཁ་བྲལ་བཏང་ནས་རྒྱ་མི་རིགས་ཀྱི་ལྟ་གྲུབ་སློབ་གསོ་སྤེལ་ཡུལ་གཏན་འཇགས་སློབ་གྲྭར་བཅུག་པའི་བྱ་སྤྱོད་དང་། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པ། བོད་ནང་དུ་ལག་བསྟར་བྱེད་པའི་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་བྱ་དགོས་པ་འབོད་སྐུལ་དང་མཉམ། རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་གནས་སྟངས་ལ་བློ་ཚབས་ཆེན་པོ་ཡོད་པ་གསལ་སྟོན་གནང་ཡོད་པ་སོགས་སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།