རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྤྱི་ཁྱབ་མཆོག་གིས་རྒྱ་ནག་གཞུང་ལ་བོད་ནང་གི་གནད་དོན་སེལ་དགོས་པའི་འབོད་སྐུལ་གནང་འདུག

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྤྱི་ཁྱབ་གསར་པ་སྐུ་ཞབས་(Volkar Turk)་ལགས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་ཚན་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སྙན་ཐོ་བཏོན་པའི་ཉིན་གཅིག་རྗེས་སྟེ་འདི་ཚེས་༧གཟའ་མིག་དམར་ཉིན་འབྲེལ་ཡོད་ཚོགས་འདུའི་ཐོག་གཏམ་བཤད་གནང་བའི་སྐབས། བོད་དང་ཤིན་ཅང་གི་གཙོས་པའི་གྲངས་ཉུང་མི་རིགས་ཚོའི་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་ཏེ་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ནི་ཧ་ཅང་བློ་འཚབ་སྐྱེས་གཞི་ཞིག་རེད་ལ། ང་ཚོའི་ངོས་ནས་རྒྱ་ནག་གཞུང་དང་མཉམ་གནད་དོན་དེ་དག་གི་ཐོག་གུ་ཡངས་ངང་གྲོས་བསྡུར་གྱི་ལམ་ནས་བོད་དང་ཤིན་ཅང་གཉིས་གཙོས་གྲངས་ཉུང་མི་རིགས་ཚོའི་དཀའ་ངལ་སེལ་ཐབས་བྱེད་རྒྱུའི་སྒོ་མོ་ཕྱེ་ཡོད་ལ། རྒྱ་ནག་གི་ངོས་ནས་ཀྱང་དེར་གཞིགས་པས་ལག་ལེན་བསྟར་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་ནན་བརྗོད་གནང་ཡོད་པ་ལྷོ་རྒྱ་ནག་གི་ཞོགས་པའི་ཕོ་ཉ་(South China Morning Post)་ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་བཅས་པའི་ནང་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་ཐེར་འདོན་བྱས་བའི་ཁོངས་སུ། བོད་ནང་ཆ་བཞག་པ་ཡིན་ན། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་ཚུན་ཆད་རྒྱ་ནག་གི་ངོ་བོ་ཅན་དུ་བསྒྱུར་ཐབས་བྱས་ནས་བོད་མིའི་ངོ་བོ་དང་བཅས་བ་རྩ་མེད་བཟོ་བཞིན་པའི་གནས་སྟངས་སྐོར་སོགས་ལུང་འདྲེན་གནང་ཡོད་འདུག འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་གིས་ཚོགས་འདུའི་ཐོག་བརྙན་པར་བརྒྱུད་གཏམ་བཤད་སྤེལ་བའི་སྐབས། རྒྱལ་ཁབ་སོ་སོས་གཞན་ལ་ལུགས་མཐུན་འགྲིག་མིན་གྱི་སྐྱོན་བརྗོད་བྱེད་རྒྱུའི་ཚབ་ཏུ་རང་རང་སོ་སོའི་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྙོག་དྲ་ཡོད་པ་དེ་དག་སེལ་ཐབས་བྱེད་དགོས། དེ་འདྲ་བྱས་བ་བརྒྱུད་ནས་ཐོབ་ཐང་གི་ཚད་གཞི་དང་ཁྱབ་ཚད། ངོས་ལེན་བྱེད་སྟངས་རྒྱལ་ཁབ་སོ་སོས་ཐག་གཅོད་དང་ངོས་ལེན་བྱེད་སྟངས་ལ་རག་ལུས་ཀྱི་རེད་ཅེས་སྙན་ཐོའི་ནང་བཀོད་པ་དེ་དག་ལ་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།