མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དུས་བཀག་བསྐྱར་ཞིབ་སྙན་ཐོའི་ནང་བོད་ཀྱི་སྐོར་སྔར་ལས་མང་བ་བཀོད་འདུག

2024.01.22
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དུས་བཀག་བསྐྱར་ཞིབ་སྙན་ཐོའི་ནང་བོད་ཀྱི་སྐོར་སྔར་ལས་མང་བ་བཀོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཚོགས་རྭ། ༠༡།༢༢།༢༠༢༤
UNHRC

དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་བསྐུལ་མ་ལྟར། ཚོགས་མི་རྒྱལ་ཁབ་བྱེ་བྲག་པའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཕྱོགས་ཡོངས་ནས་དུས་བཀག་བསྐྱར་ཞིབ་ཀྱི་ལམ་སྲོལ་ཡོད་པ་བཞིན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད། སྤྱི་ཟླ་༡ཚེས་༢༣ནས་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དུས་བཀག་བསྐྱར་ཞིབ་ཆེད་ཚོགས་ཆུང་གིས་སྙན་ཐོ་བཏོན་པར། ཚོགས་མི་རྒྱལ་ཁབ་ཚོས་བགྲོ་གླེང་སྦྱངས་བཤད་གནང་གི་ཡོད་པ་དང་། འདི་ལོའི་སྙན་ཐོའི་ནང་བོད་ཀྱི་སྐོར་གནད་དོན་མི་འདྲ་བ་བཅོ་བརྒྱད་ཙམ་ཐེར་འདོན་བྱས་འདུག་ཅིང་། དེ་སྔོན་སྤྱི་ལོ་༢༠༡༨ལོར་བོད་ཀྱི་སྐོར་ཐེངས་༡༡མ་གཏོགས་བཀོད་མེད་པ་རེད། འདི་ལོའི་སྙན་ཐོའི་ནང་དམིགས་བསལ་བོད་ནང་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་མི་སྒེར་བ་ཁག་གིས་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཆེད་བཙུགས་པའི་སློབ་གྲྭ་ཁག་སྒོ་ཕྱེ་འཇུག་དགོས་པའི་སྐུལ་མ་ཤུགས་ཆེ་གནང་ཡོད་པ་གསལ་འདུག
བོད་ནང་གི་སློབ་གསོ་དང་སྤྱི་ཚོགས་རིག་པའི་ཉམས་ཞིབ་པ་དང་འབུམ་རམས་པ་ཁེ་ན་ཌར་བཅའ་ཞུགས་རྒྱལ་ལོ་ལགས་ཀྱིས་ད་ལྟ་བོད་ནང་གི་གནས་ཚུལ་ཕྱོགས་གང་ས་ནས་ཛ་དྲག་ཇེ་ཆེར་སོང་བ་ནི་མངོན་གསལ་དོད་པོ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ནང་གི་རྒྱ་ནག་གི་གནད་དོན་སྲིད་བྱུས་ཐད་ཀྱི་འགན་འཛིན་སྐུ་ཞབས་(Vincent Matten)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འདི་ཚེས་༢༣་ཉིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་དུས་བཀག་བསྐྱར་ཞིབ་བྱེད་རྒྱུ་ཡིན་པ་དེ་ནི་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཚད་མཇལ་ཚོད་དཔག་བྱེད་ཡུལ་སྡིངས་ཆ་གལ་ཆེན་པོ་ཞིག་ཡིན་པས། རྒྱ་ནག་གི་གནད་དོན་ཐོག་དངོས་སུ་རྟོགས་ཞིབ་བྱ་རྒྱུ་ཡིན་ལུགས་གསུངས་བྱུང་།
ཡང་ཇར་མ་ཎི་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་(Kai Müller)་ལགས་ཀྱིས་ཀྱང་། ད་རེས་ཀྱི་རྒྱལ་ཚོགས་ཀྱིས་དུས་བཀག་བསྐྱར་ཞིབ་ཆེད་བཏོན་པའི་སྙན་ཐོའི་ནང་བོད་ཀྱི་གནད་དོན་སྐོར་ལ་ཐད་ཀར་སྔར་ལས་མང་བ་བཀོད་པ་དེས་བོད་ཀྱི་རྩ་དོན་སྤྱི་དང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་སེམས་ཤུགས་འཕར་མ་ཞིག་སྤྲོད་རྒྱུ་ཡིན་པ་མ་ཟད། ལྷག་པར་དུ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་བྱེད་པའི་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་བྱེད་སའི་གོ་སྐབས་དང་བརྒྱུད་རིམ་གལ་ཆེན་པོ་ཞིག་བསྐྲུན་ཐུབ་ཀྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྙན་ཐོ་དེ་ནི། གནས་ཚུལ་ཡོང་ཁུངས་གསུམ་ལ་གཞིར་བཞག་པ་སྟེ། གཞུང་འབྲེལ་གྱི་ཡིག་ཆ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་རང་གི་འབྲེལ་ཡོད་ལས་ཁུངས་ཀྱི་ཡིག་ཆ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཡིག་ཆ་བཅས་ཡིན་ཞིང་། ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་དེར། བོད་ནང་གི་བོད་མིའི་འགྲོ་འདུག་རང་དབང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དང་། དམིགས་བསལ་ཕྱི་བསྐྱོད་ལག་ཁྱེར་མི་སྤྲོད་པ། བོད་ཡིག་སློབ་གཉེར་དང་སྲུང་སྐྱོབ་ཀྱི་ལས་དོན་པ་ཚོར་ཁྲིམས་ཐག་ནན་པོ་གཅོད་པ། ཁྲིམས་ཁང་དུ་ཡིག་ཆ་དང་ཁྲིམས་ཞིབ་ཀྱི་བརྒྱུད་རིམ་བོད་ཡིག་ཏུ་མ་བསྒྱུར་བ་སོགས་ཀྱིས། བོད་མི་ཚོར་དབྱེ་འབྱེད་དང་ཐུབ་ཚོད་ཚབས་ཆེན་ཡོང་གི་ཡོད་པ་སོགས་འཁོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ནས། རྒྱ་ནག་ནང་སྲིད་འཛིན་ཞི་ཅིན་ཕིན་གྱིས་དབང་ཆ་བཟུང་བ་ནས་བཟུང་། དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེ་འགྲོ་བཞིན་པའི་རྐྱེན་གྱིས། རྒྱལ་ཁབ་མང་པོས་རྒྱ་ནག་ལ་ལྟ་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། རྒྱ་ནག་གཞུང་གིས་སོ་སོའི་རྒྱལ་ཁོངས་སུ་ལག་བསྟར་བྱེད་བཞིན་པའི་དམ་དྲག་གི་སྲིད་ཇུས་དེ། རིམ་པས་ཕྱི་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་ཉེ་ཆར་ནས་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་ཇེ་ཆེར་གཏོང་གི་ཡོད་པའང་འགྲེལ་བརྗོད་གནང་བྱུང་།
འགྲོ་བ་མིའི་ཐོབ་ཐང་དུས་བཀག་བསྐྱར་ཞིབ་ཀྱི་སྙན་ཐོ་ནི། ཚོགས་མི་རྒྱལ་ཁབ་མང་པོས་རེ་སྐུལ་དང་བསམ་འཆར་བཤད་པ་སོགས་ལ་བརྟེན་ནས་ཡོང་གི་ཡོད་པས། སྙན་ཐོའི་ནང་འཁོད་ཀྱི་ནང་དོན་རྒྱ་ནག་གཞུང་གིས་ལག་བསྟར་མ་བྱས་པ་རྣམས། རྒྱལ་སྤྱིའི་སྡིངས་ཆ་སྤྱི་དང་ཁྱད་པར་ཚོགས་མི་རྒྱལ་ཁབ་ཚོས་རྒྱ་ནག་དང་ཕྱི་འབྲེལ་གྱི་སྐབས་རྗེས་འདེད་གནོན་ཤུགས་སྤྲད་ཆོག་པ་མ་ཟད། སྤྱི་ལོ་༢༠༢༦དང་༢༧ནང་ལག་བསྟར་བྱས་མིན་ཐོག་དུས་དཀྱིལ་སྙན་ཐོ་འདོན་དགོས་པའི་ནང་བསྐྱར་དུ་བཀོད་ཆོག་གི་ཡོད་པ་རེད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དེ་སྔ་སྤྱི་ལོ་༢༠༠༩ལོར་བསྐྱར་ཞིབ་སྐབས། བོད་སྐོར་ཐེངས་མ་༧ཐོན་པ་དང་སྤྱི་ལོ་༢༠༡༣ལོར་ཡང་བོད་སྐོར་ཐེངས་མ་༧ཐོན་པ། སྤྱི་ལོ་༢༠༡༨ལོར་དུས་བཀག་བསྐྱར་ཞིབ་དེར་བོད་སྐོར་ཐེངས་མ་༡༡ཐོན་ཡོད་ནའང་། ད་རེས་ཀྱི་དུས་བཀག་བསྐྱར་ཞིབ་འདིར་བོད་སྐོར་ཐད་ཀར་ཐེངས་མ་༡༨ཐོན་ཡོད་པས། སྔ་མ་ལས་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་སྡུག་དང་རྒྱལ་སྤྱིའི་སྟེང་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་མངོན་གསལ་དོད་པོ་ཆགས་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གཞི་རྩའི་ཆ་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་རིམ་པ་བྱས་བའི་ཁྲོད་རྒྱ་ནག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་འདྲི་རྩད་ནན་པོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོ་ཚབ་རྣམས་ཀྱིས་དེ་འབྲེལ་ལན་འདེབས་གཙང་མ་ཞུ་ཐུབ་ཀྱི་མེད་པ་དང་། ལན་འདེབས་ཁ་གསལ་མེད་པ་སོགས་ཀྱི་གནས་ཚུལ་རིམ་པ་བྱུང་ཡོད།


གསར་འགོད་པ། བློ་བྷེ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎