རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་གི་ནང་མ་ཎི་འཁོར་ལོ་དང་ཕྲེང་བ་སོགས་འཁྱེར་ཡོང་མི་ཆོག་པའི་དམ་དྲག

2021.05.07
རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་གི་ནང་མ་ཎི་འཁོར་ལོ་དང་ཕྲེང་བ་སོགས་འཁྱེར་ཡོང་མི་ཆོག་པའི་དམ་དྲག ནག་ཆུ་སོག་རྫོང་ཕྱོགས་ཀྱི་སློབ་གྲྭ་ཞིག་གི་ནང་། ༤།༢༠༢༡
བོད་འབྱོར།/RFA

བོད་ནང་སློབ་གྲྭ་ཁག་གི་ནང་ཁྱིམ་བདག་ཕ་མ་སོགས་ཡོང་སྐབས་མ་ཎི་འཁོར་ལོ་དང་ཕྲེང་བ་སོགས་འཁྱེར་ཡོང་མི་ཆོག་པའི་དམ་དྲག་ལག་བསྟར་བྱེད་བཞིན་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ལམ་ནས་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་སློབ་གསོ་ལས་ཁུངས་ཀྱིས། མངའ་ཁོངས་ཀྱི་སློབ་གྲྭ་ཁག་གི་ནང་། ནང་ཁུལ་གྱི་བརྡ་ཐོ་བཏང་ནས། སློབ་ཕྲུག་གི་ཕ་མ་ཁྱིམ་བདག་ཚོ་ སློབ་གྲྭ་ཁག་གི་ནང་ཡོང་སྐབས། མ་ནི་འཁོར་ལོ་དང་། ཕྲེང་བ་སོགས་མཉམ་འཁྱེར་མི་ཆོག་པ་དང་། མ་ཎི་འདོན་མི་ཆོག་པའི་དམ་དྲག་ལག་བསྟར་བྱེད་བཞིན་ཡོད་འདུག བཀག་སྡོམ་གྱི་བརྡ་ཁྱབ་དེ་སློབ་གྲྭའི་ནང་གི་བརྡ་ཁྱབ་སྤེལ་སའི་ནག་པང་དུ་རྒྱ་ཡིག་གི་ཐོག་བྲིས་ཡོད་པའི་ནང་། སློབ་གྲྭ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཤེས་ལྡན་མི་སྣ་དང་སྣེ་ཁྲིད་མི་སྣ་བསྐྱེད་སྲིང་བྱེད་ས་ཡིན་པས། སློབ་གྲྭའི་རྣམ་པ་ཆོས་ལུགས་ཅན་ལ་བསྒྱུར་མི་རུང་ཞེས་འཁོད་འདུག
ཡངགནས་ཚུལ་ཡོང་ཁུངས་ལྟར་ན། ཉེ་ལམ་ཕྱི་ཟླ་༤་བའི་ནང་ནག་ཆུ་སོག་རྫོང་གི་དམའ་རིམ་དང་འབྲིང་རིམ་སློབ་གྲྭའི་ནང་དེ་མཚུངས་ཀྱིས་སློབ་ཕྲུག་གི་ཕ་མ་དང་ཁྱིམ་བདག་སློབ་གྲྭའི་ཁོར་ཡུག་གང་རུང་དུ་ཡོང་སྐབས། མ་ཎི་འཁོར་ལོ་དང་ཕྲེང་བ་མཉམ་འཁྱེར་མི་ཆོག་པ་མ་ཟད། མ་ཎི་སོགས་འདོན་མི་ཆོག་པ་ངག་ཐོག་ནས་སོ་སོའི་ཕ་མ་དང་ནང་མིར་བཤད་དགོས་བའི་བརྡ་ཁྱབ་བཏང་འདུག དེ་སྔ་གཞུང་གི་ལས་བྱེད་དང་དམར་ཤོག་ཚོགས་མི་སོགས་དགོན་པར་བསྐྱོད་པ་དང་ཆོགས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བརྡ་ཁྱབ་བཏང་མྱོང་ཡོད་ཀྱང་། ད་རེས་སློབ་ཕྲུག་གི་ཕ་མ་ཚོར་དེ་འདྲའི་བརྡ་ཁྱབ་བཏང་བ་ནི་བོད་ཀྱི་ཆོས་དང་རིག་གཞུང་སྣང་ཆུང་བཏང་བ་ཡིན་པ་འགྲེལ་བརྗོད་གནང་ཡོད།

སྤྱིར་བཏང་བོད་ནང་དང་ལྷག་དོན་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱོགས་སུ། དམིགས་བསལ་དུས་ཚིགས་སོགས་ཀྱི་སྐབས་གང་སར་དམ་དྲག་དང་མཉམ། ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ལས་ཁུངས་དང་སློབ་གྲྭ་ཁག་ལ་བརྡ་ཐོ་བཏང་སྟེ། ཆོས་ལུགས་ཀྱི་བྱེད་སྒོ་གང་རུང་ནང་མཉམ་ཞུགས་མི་ཆོག་པ་དང་། དགོན་པར་བསྐྱོད་མི་ཆོག་པ་སོགས་ཀྱི་དམ་དྲག་སྟངས་འཛིན་བྱེད་བཞིན་ཡོད་པ་རེད།
གནས་ཚུལ་ཡོང་ཁུངས་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོ་ནི་རྒྱ་ནག་དམར་ཤོག་ཚོགས་པ་གུང་ཁྲན་ཏང་ཟེར་བ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་ཚིགས་སྲུང་བརྩི་བྱེད་པར། རྒྱལ་ཡོངས་སུ་དམར་ཤོག་དང་འབྲེལ་བའི་བྱ་འགུལ་འདྲ་མིན་སྤེལ་བཞིན་པ་དང་། དེ་མཚུངས་བོད་ནང་ཁུལ་དང་རྫོང་། ཡུལ་ཚོ་དང་གྲོང་སྡེ། དགོན་སྡེ་དང་སློབ་གྲྭ་ཁག་ཚང་མར་དམར་ཤོག་གི་ལྟ་བ་དང་ལོ་རྒྱུས་ལ་སློབ་སྦྱོང་དང་། དམར་ཤོག་གི་ལྟ་བ་དང་ལངས་ཕྱོགས་དྲིལ་བསྒྲགས་སོགས་ཀྱི་བྱ་འགུལ་སྤེལ་ནས། གཞི་རིམ་མང་ཚོགས་ཀྱིས་དམར་ཤོག་གི་ལྟ་བ་རྟོགས་པ། དམར་ཤོག་གི་བྱ་བ་དངོས་སྒྲུབ་པ། དམར་ཤོག་གི་རྣམ་པ་གསར་པ་གཏོད་པ་ཐུབ་པ་བཅས་བྱས་ནས་གོང་རིམ་ལ་སྙན་གསེང་ཞུ་དགོས་བ་བཙན་བཀའ་གཏོང་བཞིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎