བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་འཚམས་གཟིགས་གཉིས་པ་ལེགས་གྲུབ།
བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་བཀའ་ཤག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་མཐུན་ཞིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་གཞིར་བཟུང་ཕྱག་ལས་གནང་བཞིན་ཡོད་སྐོར་སྦེལ་ཀོབ་ལུགས་བདེ་གཞིས་ཁོངས་གཉིས་ཀྱི་མང་ཚོགས་ལ་གསུང་སོང་།
དེ་ཡང་ཟླ་བ་འདིིའི་ཕྱི་ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་ནང་སྦེལ་ཀོབ་ལུགས་བདེ་གཞིས་ཁོངས་གཉིས་ཀྱི་ལས་སྣེ་དང་མང་ཚོགས་ལ་གསུང་བཤད་གནང་བའི་ནང་། སྐབས་བཅུ་དྲུག་པའི་བཀའ་ཤག་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་ཞིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ཕབ་པའི་སྲིད་བྱུས་གཞིར་བཟུང་གི་ཕྱག་ལས་གནང་བཞིན་ཡོད་པ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ད་བར་ཆབ་སྲིད་ཀྱི་ཐོག་ལས་དོན་གྲུབ་འབྲས་ཆེ་ཤོས་དེ་ནི་ཨ་རིའི་གཞུང་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་སྐུལ་དེད་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པ་དེ་ཡིན་གསུངས་སོང་།

གཞན་ཡང་སྲིད་སྐྱོང་མཆོག་གི་གསུངས་དོན་ལ། ད་ལོ་བོད་ནང་ས་ཡོམ་གྱི་རྐྱེན་པས་བོད་མི་ཚེ་སྲོག་ཤོར་བ་དང་གནོད་སྐྱོན་འཕོག་མཁན་ཚོར་གདུང་སེམས་མཉམ་སྐྱེད་ཞུ་ཆེད་འཆར་རྒྱུའི་བོད་ཀྱི་ལོ་གསར་སྐབས་དགའ་སྤྲོའི་རྣམ་པ་མེད་སྒོ་ནས་ལོ་གསར་སྲུང་བརྩི་ཞུ་དགོས་པ་དང་། ལྷག་པར་ཉེ་ཆར་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ལགས་དགོངས་པ་རྫོགས་པའི་གནས་ཚུལ་དང་འབྲེལ་ཏེ་དམ་པ་ཁོང་ནས་བོད་སྤྱི་པའི་རྩ་དོན་གྱི་ཐོག་སྐུ་ལས་མང་པོ་སྐྱོན་ཡོད་པར་རྗེས་དྲན་དང་བསྔགས་བརྗོད་སོང་། དེ་མིན་སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་དེང་དུས་མཐུན་པའི་སྒོ་ནས་སྤེལ་བཞིན་ཡོད་སྐོར་དང་། དེ་བཞིན་ས་གནས་ཁག་གཞན་དང་མཚུངས་པར་སྦེལ་ཀོབ་ས་གནས་སུ་འཐུས་ཚོགས་དགོས་གལ་ཆེ་བ་དང་། བོད་མི་ཕན་ཚུན་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ། བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་དོ་སྣང་བྱས་ཏེ་བོད་སྤྱི་པའི་རྩ་དོན་ཐོག་ནུས་མཉམ་སྤུངས་དགོས་པ་སོགས་ཀྱི་ལམ་སྟོན་གནང་སོང་ལ། གསུང་བཤད་གྲུབ་མཚམས་སུ་མང་ཚོགས་ནས་དོགས་གནང་བ་ཁག་ལ་ལན་འདེབས་གསལ་ཡོད་སོང་།
གཞི་རྩའི་སྐབས་བཅུ་དྲུག་པའི་བཀའ་ཤག་ངོས་ནས་ལས་ཡུན་ལོ་ངོ་ལྔའི་ནང་བོད་མི་གནས་སྡོད་ས་ཁག་ཏུ་ཐེངས་གཉིས་རེ་ས་གནས་བོད་མིའི་བདེ་སྡུག་རྒྱུས་ལོན་དང་འཚམས་གཟིགས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་ལྟར། ཟླ་བ་འདིའི་ཚེས་ ༡༡ ནས་སྲིད་སྐྱོང་མཆོག་གིས་སྦེལ་ཀོབ་ལུགས་བསམ་དང་། བདེ་སྐྱིད་སླར་གསོ་གཞིས་ཁོངས་སུ་འཚམས་གཟིགས་དང་ས་གནས་བོད་མི་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་རེད། །
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།