བོད་ནང་དངངས་སྐྲག་ཆེན་པོར་གྱུར་ལུཌ་གནས་ཚུལ་བཀོད་སྤེལ།
2011.10.14
༄༅༎བོད་ནང་རང་ལུས་ཞུགས་འབུལ་གནང་མཁན་ཇེ་མང་དུ་འགྲོ་བཞིན་པས་བོད་ནང་དངངས་སྐྲག་ཆེན་པོ་གྱུར་ཡོད་ལུགས་དབྱིན་ཇིའི་གསར་ཤོག་རྡ་ཀྲེ་ལི་གེརེཕ་(The Telegraph) ཀྱི་ནང་བཀོད་འདུག ཕྱོགས་མཚུངས་ཨ་རིའི་ཉིན་རེའི་གསར་ཤོག་ནིའུ་ཡོག་དུས་བབ་ནང་རྒྱ་ནག་གཞུངགིས་བཙན་བཟུང་དབང་བསྒྱུར་འོག་དྲག་གནོན་གྱི་སྲིད་བྱུས་རྒྱུན་འཛིན་ལག་བསྟར་མུ་མཐུད་བྱས་པར་བརྟེན་བཟོད་ཐབས་བྲལ་ཏེ་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་གི་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་ཡོད་སྐོར་བཀོད་གནང་འདུག ཡང་གོང་ཞུས་དབྱིན་ཇིའི་གསར་ཤོག་དེའི་ནང་མུ་མཐུད་འཁོད་དོན་ལ།
དགེ་འདུན་པ་བཞི་སྐུ་ལུས་ལ་མེར་བསྲེགས་བཏང་སྟེ་འདས་གྲོངས་གྱུར་ཡོད་ལུགས་བོད་མིའི་སྒྲིག་འཛུགས་ཀྱི་བསྒྲགས་གཏམ་ནང་འཁོད་ཡོད་ལུགས་ལུང་འདྲེན་གནང་འདུག འདས་པའི་བདུན་ཕྲག་གཉིས་ནང་ཚུད་རྔ་པ་ཀིརྟི་དགོན་པའི་ནང་དགེ་འདུན་པ་བཞིས་རང་ལུས་མེར་བསྲེགས་བཏང་ཡོདཅིང་། བོད་ནང་རང་ལུས་མེར་བསྲེག་གཏོང་མཁན་གྱི་བོད་མི་གཞོན་སྐྱེས་བདུན་ཡོད་ཁོངས་ནས་བཞི་འདས་གྲོངས་སུ་གྱུར་ཡོད་པ་དང་། རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་༡༨་སོན་པ་བློ་བཟང་སྐལ་བཟང་ལགས་དང༌། རང་ལོ་༡༩་སོན་པ་བློ་བཟང་དཀོན་ཅོག་ལགས། རང་ལོ་༡༧ སོན་པ་སྐལ་བཟང་དབང་ཕྱུག་ལགས་བཅས་ད་ཆ་ས་གནས་གང་དུ་ཡོད་མེད་ཤེས་རྟོགས་མེད་སྐོར་བཙན་བྱོལ་བོད་སྒྲིག་འཛུགས་ཀྱི་སྒྲག་གཏམ་ལུང་འདྲེན་གནང་སྟེ་གསར་འགོད་གནང་འདུག ཡང་ཟླ་བ་༡༠་པའི་ཚེས་༡༩་རེས་གཟའ་ལྷག་པ་ཉིན་བཙན་བྱོལ་བོད་མིས་མཆོད་འབུལ་སྨོན་ལམ་དང་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གནང་བ་སོགས་ཀྱི་ལས་འགུལ་སྤེལ་ཏེ་བོད་ནང་གི་བོད་རིགས་ཚོའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཐབས་གནང་འཆར་ཡོད་པའི་གསལ་བསྒྲགས་དེ་ཡང་གསར་འགོད་གནང་འདུག ཡང་རྒྱ་ནག་གཞུང་གིས་གཞན་ལ་ཁ་དཀྲི་བྱེད་ཐབས་བྱེད་ཀྱི་ཡོད་པ་དང་། ཨ་མེ་རི་ཁའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་བྱུང་དང་འབྱུང་བཞིན་གནས་ཚུལ་དེ་དག་ལ་ཐུགས་འཚབ་ཡོད་ལུགས་དང་། རྒྱ་ནག་གཞུང་གིས་བོད་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་ནན་སྐུལ་གནང་བ་སོགས་བཀོད་འདུག།