སིམ་ལའི་སྤྱི་ཁྱབ་ཚེ་དབང་ཕུན་ཚོགས་ལགས་དང་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་གཉིས་མཇལ་འཕྲད་གནང་འདུག

2023.08.04
སིམ་ལའི་སྤྱི་ཁྱབ་ཚེ་དབང་ཕུན་ཚོགས་ལགས་དང་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་གཉིས་མཇལ་འཕྲད་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་སིམ་ལའི་སྤྱི་ཁྱབ་ཚེ་དབང་ཕུན་ཚོགས་ལགས་དང་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་གཉིས་མཇལ་འཕྲད་སྐབས། ༠༨།༠༣།༢༠༢༣
CTA

བོད་མིའི་སྒྲིག་འཛུགས་ཀྱི་སིམ་ལའི་སྤྱི་ཁྱབ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཕྱི་ཟླ་༨པའི་ཚེས་༣ཉིན་ཁོང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་(Shiv Pratab Shukla)་ལགས་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་བ་དང་། སྐབས་དེར་ཧི་མ་ཅལ་མངའ་སྡེའི་ནང་གི་བོད་མིར་ས་ཆ་བོགས་གཏོང་དུས་འགྱངས་ཞུ་སྒོ་དང་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་སུ་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཉེ་སྔོན་ས་གནས་སུ་ཆེད་ཕེབས་སྐབས་ལམ་སྟོན་གནང་བ་བཞིན་ཆེད་དུ་བསྐོ་འཛུགས་གནང་བའི་ཞུ་གཏུག་ཚོགས་ཆུང་གི་སྙན་ཐོ་རགས་ཟིན་ཡང་ཕུལ་ཡོད་འདུག མངའ་སྡེའི་སྲིད་སྐྱོང་མཆོག་གིས་གནད་དོན་དེ་རིགས་དྲུང་ཆེར་བཀོད་བསྔགས་ཀྱིས་སེལ་ཐབས་གང་ཡོད་གཟིགས་རྒྱུ་ཡིན་ལུགས་གསུངས་པ་འགྲེལ་བརྗོད་གནང་བྱུང་།
ད་རེས་ཀྱི་མཇལ་འཕྲད་དེ་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སིམ་ལའི་སྤྱི་ཁྱབ་ལས་ཁུངས་ཀྱི་གོ་སྒྲིག་འོག་སིམ་ལ་ཡན་ལག་སྨན་རྩིས་ཁང་གི་སྨན་པ་བྱམས་པ་དབང་མོ་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལུགས་ལྟར་སྐུ་གཟུགས་འཕྲོད་བསྟེན་བརྟག་དཔྱད་གནང་སྐབས་དང་བསྟུན་ནས་བྱུང་བ་ཞིག་ཡིན་འདུག

2f8b4104-7b94-4343-9c71-0753af7b6aca.jpeg
དེ་སྔོན་སྤྱི་ཟླ་༥པའི་ཚེས་༡༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Sukhvinder Singh Sukhu)་ལགས་དང་དངོས་སུ་མཇལ་མོལ་གནང་སྟེ། ཧི་མ་ཅལ་ནང་གནས་སྡོད་བོད་མི་ཚོར་འཕྲད་བཞིན་པའི་ས་ཆའི་དཀའ་ངལ་རྣམས་སེལ་ཐབས་དགོས་པའི་འབོད་སྐུལ་ཞུས་པ་བཞིན་སྤྱི་ཁྱབ་བློན་ཆེན་མཆོག་གིས་སེལ་ཐབས་གནང་རྒྱུ་ཡིན་པ་ཞལ་བཞེས་གནང་ཡོད་པ་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་སྐབས་དེར་འགྲེལ་བརྗོད་གནང་ཡོད།


གསར་འགོད་པ། ཡེ་ཤེས་ཟླ་བ། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎