མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཉེན་ཚབས་སུ་སླེབས་ཡོད།
2016.02.19
དེ་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་ཆེན་ཁག་ལ་ཆུ་རག་འཛུགས་བསྐྲུན་དང་། ཆུ་ཁ་བསྒྱུར་བྱེད་པའི་ལས་འདྲ་སོགས་ཀྱིས་མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་ཉེན་ཚབས་སུ་སླེབས་ཡོད་པའི་སྐོར་ རྒྱ་གར་གྱི་མཁས་དབང་Brahma Chellaneyཡིས་དཔྱད་རྩོམ་སྤེལ་གནང་འདུག་༎
དེ་ཡང་རྒྱ་གར་གྱི་མཁས་དབང་སྐུ་ཞབས་Brahma Chellaneyཡིས། ཚེས་༡༩ཉིན་སྤེལ་བའི་དཔྱད་རྩོམ་ཞིག་གི་ནང་། ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་རང་བྱུང་ཁོར་ཡུག་ལ་གནོད་འཚབ་ཀྱི་རྒྱུ་རྐྱེན་གཙོ་བོ་ངོ་བཟུང་དགོས་ཚེ་ཐད་ཀར་རྒྱ་ནག་ལ་ཐུགས་ཀྱི་ཡོད་པ་གསུངས་འདུག
ཁོང་གིས་དཔྱད་ཞིབ་ནང་། རྒྱ་ནག་གཞུང་གིས་ལོ་མང་རིང་མཐོ་སྒང་བོད་ཀྱི་ཆུ་ཆེན་ཁག་ལ་ཆུ་རག་བསྐྲུན་པ་དང་། ཆུ་ཁ་བསྒྱུར་བ། དེ་བཞིན་གཏེར་ཁ་སྔོག་འདོན་ལ་སོགས་པའི་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་མུས་ཁར། ཉེ་བའི་དུས་སུ་རྒྱ་ནག་ནང་དངས་གསལ་ཅན་གྱི་འགྱིག་དམ་གྱི་འཐུང་ཆུའི་ཚོང་ལས་རྒྱ་ཆེར་གཏོང་ཆེད། བོད་ཀྱི་འཁྱགས་རོམ་ལས་བྱུང་བའི་དངས་གསལ་གྱི་ཆུ་ཕོན་ཆེ་ཆུ་འདྲེན་བྱེད་ཀྱི་ཡོད་པ་གསལ་འདོན་གནང་འདུག
མཁས་དབང་Brahma Chellaneyཡིས་གསུངས་ན། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས། ཨེ་ཤེ་ཡའི་ཁུལ་དུ་ཆུ་བོའི་ས་ཁྲ་ཁ་བསྒྱུར་ཕྱིན་ཡོད་པ་དང་། ད་ཆ་རྒྱ་ནག་གཞུང་ནས་བོད་ཀྱི་ཆུ་བོ་ཆེ་ཁག་ལ་ཆུ་རག་འཛུགས་བསྐྲུན་བྱེད་པ་མ་ཟད། ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭའི་འོག་ཆུ་ཁ་བསྒྱུར་བྱེད་པའི་རྐྱེན། གཤམ་འོག་རྒྱ་གར་དང་པ་ཀི་སི་ཐན། བྷང་ལ་རྡེ་ཤེ་ལ་སོགས་པའི་རྒྱལ་ཁབ་ཁག་ལ་ཆུའི་དཀའ་ངལ་ཅི་ཆེ་འཕྲད་རྒྱུའི་གནས་སྟངས་བཟོས་ཡོད་པ་མ་ཟད། མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་ཉེན་ཚབས་སུ་སླེབས་ཡོད་སྐོར་གསལ་སྟོན་གནང་འདུག
ཧི་མ་ལ་ཡའི་རི་བརྒྱུད་ཁུལ་དུ་ས་མཐོའི་འཁྱགས་རོམ་གྲངས18,000ཙམ་ཡོད་པ་ནས་ གསུམ་ཆ་བཞི་མཐོ་སྒང་བོད་ནང་ཡོད་པ་དང་། ལྷག་འཕྲོ་རྣམས་རྒྱ་གར་དང་ཉེ་འཁོར་ཁྱིམ་ཚེས་རྒྱལ་ཁབ་ཁག་ནང་ཆགས་ཡོད་པ་རེད།
བོད་ཀྱི་འཁྱགས་རོམ་དེ་དག་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ། ཡར་ལུང་གཙང་པོ་ལ་སོགས་པའི་ཨེ་ཤེ་ཡའི་ཆུ་ཆེན་ཁག་གི་འབྱུང་ཁུངས་ཡིན་པ་མ་ཟད། ཨི་ཤེ་ཡའི་རྒྱལ་ཁབ་མང་ཆེ་བའི་ཆུའི་ཡོང་ཁུངས་ཡིན་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།