བཙན་བྱོལ་བོད་མིས་ཧེ་ཀྲིའི་ས་ཡོམ་གོད་ཆགས་ལ་སྨོན་ལམ།
2010.01.19
༄༅༎ཐའེ་ལྦན་གྱི་རྒྱལ་ས་ཐའེ་ཕེ་ནང་དུ་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་ཉེ་ཆར་ཧེ་ཀྲི་ཡུལ་གྲུའི་ནང་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་ཕོག་པ་ཚོར་དམིགས་བསལ་སྨོན་ལམ་གསོལ་འདེབས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་གོ་སྒྲིག་གནང་ཡོད་པ་རེད།
དེ་ཡང་ཐའེ་ལྦན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་ཧེ་ཀྲིའི་མི་དམངས་གོད་ཆགས་ཕོག་པ་ཚོར་སྨོན་ལམ་གྱི་བྱེད་སྒོ་དེ་ནི་ཟླ་བ་འདིའི་ཕྱི་ཚེས་༡༦རེས་གཟའ་སྤེན་པའི་ཉིན་སྐུ་ཚབ་དོན་གཅོད་ཀྱི་ཆོས་ཁང་དུ་ཉིན་མ་ཕྱེད་ཀའི་རིང་གནང་ཡོད་པ་དང།
ཆོས་ཕྱོགས་བྱེད་སྒོ་དེའི་ནང་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་དབུ་བཞུགས་ཐོག་ཆོས་དགེ་དང།
དེ་བཞིན་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་པ། རྒྱལ་ས་ཐའེ་ཕེ་ཁུལ་དུ་གནས་སྡོད་ནང་ཆོས་དད་ལྡན་པ་བརྒྱ་ཕྲག་ལྷག་མཉམ་ཞུགས་གནང་ཡོད་པ་རེད།
ཟླ་བ་འདིའི་ཕྱི་ཚེས་༡༥ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧེ་ཀྲི་ནང་གི་རང་འབྱུང་གནོད་འཚེ་ཕོག་པ་ཚོར་ཐུགས་གསོའི་འཚམས་འདྲི་དང།
ལྷག་པར་དུ་འདས་གྲོངས་སུ་ཕྱིན་པའི་རྗེས་ཤུལ་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་འཚམས་འཕྲིན་གནང་ཡོད་ཅིང།
ཐུགས་གསོའི་འཚམས་འཕྲིན་དེ་ནི་ཧེ་ཀྲི་རྒྱལ་ཁབ་ཀྱི་སྲིད་འཛིན་རེ་ནེ་གའར་སི་ཡ་པེ་རེ་ལྦེལ་མཆོག་ལ་ཕུལ་གནང་ཡོད་པ་དང།
དེའི་ནང་དུ་ཧེ་ཀྲི་རྒྱལ་ཁབ་ནང་ད་བར་དུས་རབས་གཉིས་ནང་བྱུང་མྱོང་མེད་པའི་ད་རེས་རང་འབྱུང་གནོད་འཚེ་ཚབས་ཆེ་བྱུང་བ་དེའི་ནང་དུ་མི་རྒྱུ་གཉིས་ལ་གནོད་འཚེ་དང་གྱོང་གུན་ཚབས་ཆེ་བྱུང་བ་དེར་ཐུགས་ཕམ་ཆེན་པོ་བྱུང་ཞེས་གསུངས་ཡོད་པ་རེད།
ཟླ་བ་འདིའི་ཕྱི་ཚེས་༡༣ཉིན་ཧེ་ཀྲི་ཡུལ་གྲུའི་ནང་ས་ཡོམ་འགུལ་ཚད་བདུན་བརྒྱབ་ཏེ། རེས་གཟའ་ཟླ་བ་བར་དུ་ཁྱོན་མི་གྲངས་འབུམ་གཉིས་རྐྱེན་ལམ་དུ་ཕྱིན་པའི་ཚོད་རྩིས་བྱེད་པ་དང།
ཡོ་རོབ་རྒྱལ་ཁབ་ཁག་ཚོས་ཧེ་ཀྲིའི་མི་དམངས་ཚོར་འཕྲལ་ཕུགས་གཉིས་ཀྱི་རོགས་རམ་ཆེད་དུ་ཨ་རིའི་ཌོ་ལར་ཐེར་འབུམ་ཕྱེད་ཀ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད།
ཨ་མི་རི་ཀས་ས་ཡ་༡༠༠་ཐམ་པའི་རོམས་རམ་གནང་རྒྱུའི་ཁས་ལེན་གནང་ཡོད་ཀྱང། རོགས་རམ་ནི་ད་དུང་ཡང་འབྱོར་མེད་པ་དང།
མི་དམངས་ཁག་ཅིག་ལ་ཉིན་རེའི་འཚོ་གནས་ཐུབ་པའི་ཟ་བཅའ་དང་འཐུང་ཆུ་མི་རགས་པའི་དཀའ་ངལ་ཆེན་པོའི་ཐོག་ལྷུངས་བཞིན་ཡོད་པ་དང།
ཕྱོགས་གཞན་ཞིག་ནས་གཞོན་སྐྱེས་བརྒྱ་ཕྲག་མང་པོས་ས་ཡོམ་གྱི་གནོད་འཚེའི་ནང་ཚོང་ཁང་ལྕགས་རི་ལོག་པའི་སྟེང་འཛེགས་ཏེ་ཚོང་ཁང་གི་སྒོ་བཅག་ཏེ་དངོས་པོ་རྐུ་འཁྱེར་བྱེད་པ་སོགས་ཀྱི་གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་རེད།