བོད་ཀྱི་སྲིད་བྱུས་ཉམས་ཁང་གིས་བོད་ཀྱི་ཁོར་ཡུག་དང་བོད་གནས་བསྐྱར་ཞིབ་ཀྱི་དེབ་གཉིས་བཏོན་པའི་ནང་།བོད་ནང་གི་ཛ་དྲག་ཆེ་ཤོས་ནི་རྩྭ་ཐང་བྱེ་ཐང་དུ་འགྱུར་པ་དང་།འབྱུང་བའི་གནོད་འཚེ་རྒྱུན་མར་ཡོང་བཞིན་པ་རེད་ཅེས་འཁོད་པ།

2021.09.29
བོད་ཀྱི་སྲིད་བྱུས་ཉམས་ཁང་གིས་བོད་ཀྱི་ཁོར་ཡུག་དང་བོད་གནས་བསྐྱར་ཞིབ་ཀྱི་དེབ་གཉིས་བཏོན་པའི་ནང་།བོད་ནང་གི་ཛ་དྲག་ཆེ་ཤོས་ནི་རྩྭ་ཐང་བྱེ་ཐང་དུ་འགྱུར་པ་དང་།འབྱུང་བའི་གནོད་འཚེ་རྒྱུན་མར་ཡོང་བཞིན་པ་རེད་ཅེས་འཁོད་པ།
RFA

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་སྤྱི་ཟླ་༩པའི་ཚེས་༢༩ཉིན། བཞུགས་སྒར་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྤྱི་ལོ་༢༠༡༠ནས་༢༠བར་གྱི་བོད་ཀྱི་ཁོར་ཡུག་གནས་སྟངས་ཀྱི་ཆེད་རྩོམ་ཕྱོགས་བསྡུས།བོད་མིས་བོད་ཀྱི་ཁོར་ཡུག་ལ་ལྟ་ཚུལ་ཅེས་པ་ཞིག་དང་། སྤྱི་ལོ་༢༠༢༠ལོའི་བོད་གནས་བསྐྱར་ཞིབ་བཅས་དེབ་གཉིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་དབུ་འབྱེད་གནང་ཡོད་ཅིང་། སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས།བོད་མིས་བོད་ཀྱི་ཁོར་ཡུག་ལ་ལྟ་ཚུལ་ཅེས་པའི་ཆེད་རྩོམ་ཕྱོགས་བསྡུས་ཀྱི་ནང་། ད་ལྟའི་བོད་ནང་གི་ཛ་དྲག་ཤོས་ཀྱི་ཁོར་ཡུག་གནས་སྟངས་ཤིག་ནི་ཕུགས་སུ་རྩྭ་ཐང་བྱེ་ཐང་དུ་འགྱུར་བཞིན་པ་དང་། འཕྲལ་དུ་ཛ་དྲག་ཤོས་ནི་བོད་ནང་འབྱུང་བའི་གོད་ཆག་སྣ་ཚོགས་ཡོང་བཞིན་པ་གཉིས་འཁོད་ཡོད་པ་ངོ་སྤྲོད་གནང་གི་འདུག
དཔེ་དེབ་དབུ་འབྱེད་དུ་ཆེད་ཕེབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས།དེབ་དེ་བཏོན་ནས་རྒྱལ་སྤྱིའི་ནང་ཁོར་ཡུག་ལ་དོ་སྣང་ཅན་ཚོས་བོད་ཀྱི་ཁོར་ཡུག་གནས་བབ་ཀྱི་གལ་གནད་ཤེས་པའི་ཐོག་ནས།རྒྱལ་སྤྱིའི་ཁྱོན་དུ་སྲིད་བྱུས་འཛིན་སྟངས་ལ་ཁྱད་པར་ཐོན་པ་དང་། ཟླ་བ་རྗེས་མའི་ནང་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་སི་ཁོ་ཊི་ལནྚི་ནང་འཚོག་རྒྱུར་བརྟེན།ད་ལྟ་ནས་བཀྲམས་ན་ཁོར་ཡུག་ལ་དོ་སྣང་ཅན་ཚོས་གཟིགས་ཐུབ་པ་དང་། ཁོར་ཡུག་ཚོགས་ཆེན་དེ་གལ་གནད་ཆེ་བས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དེ་གར་ཕེབས་ཀྱི་ཡོད་པ། སྤྱི་ལོ་༢༠༢༠ལོའི་བོད་གནས་བསྐྱར་ཞིབ་ཀྱི་ནང་།བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཆེ་ཁག་བཀོད་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུས་འཛིན་སྟངས་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུ་རང་ཆགས་ཡོད་ཅེས་གསལ་སྟོན་གནང་གི་འདུག
གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་བདེ་གསལ་ལགས་ནས། སྤྱི་ལོའི་༢༠༢༠ལོའི་བོད་ནང་གི་གནས་ཚུལ་བསྐྱར་ཞིབ་ཀྱི་དུས་དེབ་དེར། སྤྱི་ལོ་༢༠༢༠ལོའི་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ཤུགས་ཆེ་ཤོས་ཤིག་ནི།ལོ་ལྔ་ཚན་གྱི་འཆར་གཞི་བཀོད་དེ་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་དང་། བོད་ནང་རྨང་གཞིའི་འཛུགས་བསྐྲུན་རྒྱ་བསྐྱེད་ཤུགས་ཆེར་གཏོང་བཞིན་པ་དང་། བོད་ལ་དབང་བསྒྱུར་སྟབས་བདེའི་ཆེད་བོད་ནང་ཆབ་སྲིད་ཀྱི་དམ་དྲག་དང་། འགྲོ་སོང་ཆེ་ཤོས་བདེ་འཇགས་ཟེར་བའི་ཐོག་གཏོང་བཞིན་པ་འགྲེལ་བརྗོད་གནང་གི་འདུག
བོད་མིས་བོད་ཀྱི་ཁོར་ཡུག་ལ་ལྟ་སྟངས་ཟེར་བའི་དེབ་བོད་ཀྱི་ཁོར་ཡུག་གནས་སྟངས་ཞིབ་འཇུག་གི་ཆེད་རྩོམ་ཕྱོགས་བསྡུས་དེར། བོད་ནང་འཁྱགས་རོམ་བཞུ་བཞིན་པ་དང་ཆུ་གློག་འཛུགས་བསྐྲུན་སོགས་ཀྱི་གཙང་པོ་ཆེ་ཁག་ལ་འབག་བཙོག་ཤོར་བཞིན་པ།འབྲོག་པ་གནས་སྤོས་ཀྱིས་བོད་མིའི་ངོ་བོ་བརླག་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཁོར་ཡུག་སྲུང་སྐྱོབ་དང་ས་སྐྱེས་རྡོ་སྐྱེས་ཀྱི་བདག་དབང་རྡོག་རོལ་ཚབ་ཆེན་གཏོང་བཞིན་པ་སོགས་འཁོད་པའི་ཆེད་རྩོམ་བདུན་ཅུ་ལྷག་བཀོད་ཡོད་ཅིང་། ༢༠༢༠ལོའི་བོད་གནས་བསྐྱར་ཞིབ་ཀྱི་དུས་དེབ་དེར།རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་མགོ་ཁྲིད་འཕོ་འགྱུར་ལ་དབྱེ་ཞིབ་དང་། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ།དྲ་རྒྱ་དོ་དམ་སྟངས་འཛིན་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བོད་ནང་འབྱུང་བའི་གནོད་འཚེ་ཡོང་བཞིན་པ། རྒྱ་གར་དང་བོད་ཀྱི་ས་མཚམས་སུ་རྒྱ་གར་ནག་བར་རྩོད་རྙོག་བྱུང་བ་སོགས་འཁོད་ཡོད་ཅིང་། དབྱིན་ཡིག་ནང་བྲིས་པའི་དེབ་དེ་གཉིས་ཀ་ཡོ་རོབ་སྤྱི་མཐུན་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐེབས་རྩ་ནས་སྦྱིན་བདག་གནང་སྟེ་བཏོན་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎