བོད་རང་སྐྱོང་གི་གཙོ་འཛིན་གཞོན་པ་གནས་དབྱུངས་བཏང་བ།
2008.09.27
༄༅༎བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་དང་ཉེན་རྟོག་པའི་སྤྱི་ཁྱབ་གཉིས་སོ་སོའི་གོ་གནས་ནས་གནས་དབྱུངས་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
གནས་ཚུལ་འདི་ནི་བོད་ནང་གི་བོད་མི་ཚོས་འདི་ལོ་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ཟླ་བ་དྲུག་ཙམ་སོང་བའི་རྗེས་སུ་བྱུང་པ་ཞིག་ཡིན་ཞིང་ འོན་ཀྱང་ཁོ་གཉིས་གནས་དབྱུངས་བཏང་པ་དེ་བོད་མིའི་ངོ་རྒོལ་གྱི་ལས་འགུལ་དང་འབྲེལ་བ་ཡོད་མེད་གནས་ཚུལ་གསལ་པོ་གང་ཡང་མེད་པ་རེད་
བོད་རང་སྐྱོང་ལྗོངས་ཀྱི་ཉེན་རྟོག་པའི་སྤྱི་ཁྱབ་ལྦང་པིན་དབྱི་དང་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ཆིན་དབྱི་ཀྲི་གཉིས་གཟའ་པ་སངས་ཉིན་གནས་དབྱུངས་བཏང་ཡོད་འདུག་ཅིང་ འོན་ཀྱང་ཆིན་དབྱི་ཀྲི་ལྷ་ས་གུང་གྲན་ཚོགས་པའི་སྤྱི་ཁྱབ་པ་ཡང་ཡིན་སྟབས་གོ་གནས་དེའི་ཐོག་མུ་མཐུད་གནས་རྒྱུ་ཡིན་འདུག
ཁོང་གཉིས་གནས་དབྱུངས་བཏང་པའི་གནས་ཚུལ་དེ་ཕྱེད་གཞུང་འབྲེལ་ཅན་གྱི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཆའེ་ན་ནའུ་སི་སར་ལྦིསི་ཞེས་པ་དེས་གནས་ཚུལ་སྤེལ་ཡོད་ཅིང་ དེའི་ནང་གོང་གི་དཔོན་རིགས་དེ་གཉིས་གནས་དབྱུངས་བཏང་རྒྱུ་དེ་ བོད་རང་སྐྱོང་ལྗོངས་མི་དམངས་ཚོགས་ཆེན་གྱི་ཐོག་ནས་ཐག་གཅོད་བྱས་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་ལས་ གནས་དབྱུངས་བཏང་པའི་རྒྱུ་མཚན་ཇི་ཡིན་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད་ འོན་ཀྱང་ཕེ་རན་སི་གསར་སྤེལ་ལས་ཁང་གིས་ བོད་རང་སྐྱོང་ལྗོངས་ས་གནས་གཞུང་གི་དཔོན་རིགས་ཤིག་གིས་བརྗོད་པ་ལུང་འདྲེན་བྱས་པར་གཞིགས་ན་ ཁོང་གཉིས་གནས་དབྱུངས་བཏང་པ་དེ་ནི་ དཔོན་རིགས་གསར་བསྐོ་དང་ཕྱིར་འབུད་བྱེད་པའི་སྤྱིར་བཏང་ལས་དོན་གྱི་ཆ་ཤས་ཤིག་ཡིན་པ་འགྲེལ་བརྗོད་བྱས་འདུག ད་ཆ་ཉེན་རྟོག་སྤྱི་ཁྱབ་པ་དང་ རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པའི་ལས་འགན་དེ་ལི་ཀྲའོ་ཞེས་པ་ཞིག་ནས་འཁུར་རྒྱུ་ཡིན་འདུག་ཅིང་ རྒྱ་ནག་གཞུང་གི་ལས་བྱེད་པའི་ལོ་རྒྱུས་ཕྱོགས་སྡེབས་དྲ་གནས་ཀྱི་ཐོག་ལི་ཀྲའོ་ནི་ཉེན་རྟོག་པའི་དཔོན་རིགས་མཐོ་གྲས་ཤིག་ཡིན་པ་བྲིས་བཀོད་བྱས་འདུག།