བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མང་དུ་ཕྱིན་པ།
2009.08.16
༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་དོན་རྐྱེན་བྱུང་ནས་ད་བར་ལོ་གཅིག་དང་ཟླ་བ་ལྔ་ཕྱིན་པའི་རྗེས་སུ་ཕྱི་ཟླ་བདུན་པ་དེ་ནི་བོད་ཀྱི་ས་ཁུལ་ནང་དུ་ཡུལ་སྐོར་སྤྲོ་འཆམ་ས་ཡ་གཅིག་དང་གྲངས་ཆུང་གཉིས་ཡོང་མཁན་བྱུང་སྟེ་ན་ནིང་ནས་འདི་ལོ་བར་དུ་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་གྲངས་ཀ་མང་ཤོས་ཀྱི་ཟླ་བ་ཞིག་ཡིན་པའི་སྐོར་རྒྱ་མིའི་དཔོན་རིགས་ནས་བཤད་ཡོད་པ་རེད།
དེ་ཡང་དེ་རིང་རེས་གཟའ་ཉི་མའི་ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་ཐོག་ལ་འདི་ལོའི་ཕྱི་ཟླ་བདུན་པའི་ནང་བོད་དུ་ཕྱི་རྒྱལ་དང་རྒྱ་ནག་རྒྱལ་ནང་ནས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་སྟེ་ཡོང་འབབ་རྒྱ་མིའི་སྒོར་མོ་ཐེར་འབུམ་གཅིག་དང་གྲངས་ཆུང་གཉིས་བྱུང་ཡོད་པ་དང་དེ་ཡང་ཨ་རིའི་ཌོ་ལར་གྱི་འཛའ་ཐང་ལ་བསྒྱུར་ན་ཌོ་ལར་ས་ཡ་བརྒྱ་དང་དྲུག་ཅུ་ཡོང་འབབ་བྱུང་སྟེ་ན་ནིང་ཕྱི་ཟླ་བདུན་པའི་ནང་གི་ཡུལ་སྐོར་སྤྲོ་འཆམ་པའི་ཡོང་འབབ་ལས་ཧ་ལམ་ལྡབ་གསུམ་ཙམ་གྱིས་མང་བ་བྱུང་ཡོད་པའི་སྐོར་བཀོད་ཡོད་ཅིང་ཕྱི་ཟླ་བདུན་པ་དེ་ནི་དམིགས་བསལ་གྱིས་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་གྲངས་ཀ་མང་ཤོས་ཀྱི་ཟླ་བ་ཞིག་ཡིན་པ་མ་ཟད་བོད་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཡར་རྒྱས་ཀྱི་ལོ་རྒྱུས་ནང་ལའང་ཕྱི་ཟླ་བདུན་པ་དེ་ནི་ཡུལ་སྐོར་སྤྲོ་འཆམ་པའི་ཐོག་ནས་ཡོང་འབབ་མང་ཤོས་ཀྱི་ཟླ་བ་ཞིག་ཀྱང་ཡིན་པའི་སྐོར་སོགས་བཀོད་ཡོད་པ་རེད།
བོད་ནང་བར་ལམ་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་མཁན་ཇེ་ཉུང་དུ་ཕྱིན་པ་དེ་ནི་ན་ནིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིའི་རང་དབང་སྒེར་ལངས་ཐེངས་བཞི་ཅུ་ཞེ་དགུ་པའི་ཐོག་བོད་མི་ཚོས་ངོ་རྒོལ་གྱི་རྔམ་སྟོན་གྱི་ལས་འགུལ་སྤེལ་ཏེ་དེའི་མཐོ་རླབས་བོད་ས་ཁྱོན་ཡོངས་སུ་རྒྱ་ཁྱབ་ཏུ་ཕྱིན་པའི་རྗེས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་འོང་བཀག་བསྡོམས་བྱས་པ་དང་རྗེས་སུ་འགྲོ་འོང་ཕྲན་དུ་གུ་ཡངས་བཏང་ཡོད་ཀྱང་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་བོད་མིའི་རང་དབང་སྒེར་ལངས་ཐེངས་ལྔ་བཅུ་པའི་ཐོག་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ་རིགས་ཡོང་རྒྱུའི་དོགས་ཟོན་གྱིས་སྔོན་ཚུད་ནས་བསྐྱར་དུ་བོད་ནང་དམ་བསྒྲགས་ཆེ་རུ་བཏང་སྟེ་ཡུལ་སྐོར་སྤྲོ་འཆམ་པ་འཕེལ་རྒྱས་ཐོག་ལ་འགོག་རྐྱེན་དུ་གྱུར་ཡོད་པ་རེད། རྒྱ་ནག་གཞུང་གི་དཔོན་རིགས་ནས་བསྡོམས་རྩིས་བྱས་པར་གཞིགས་ན་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཁྱོན་ཡོངས་ནས་བོད་ཀྱི་ས་ཁུལ་ནང་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་གཉིས་དང་གྲངས་ཆུང་ཉི་ཤུ་རྩ་ལྔ་སླེབས་ཡོད་པ་དང་གྲངས་འབོར་དེ་ནི་དེའི་སྔོན་གྱི་ལོ་རབས་དང་བསྡུར་ན་བརྒྱ་ཆ་བཞི་ཅུ་ཞེ་གཉིས་ཉུང་དུ་ཕྱིན་པ་བཤད་ཡོད་ཅིང་ཡིན་ནའང་འདི་ལོའི་ཕྱི་ཟླ་དང་པོ་ནས་བདུན་པ་བར་དུ་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་ཁྱོན་ས་ཡ་གཅིག་དང་གྲངས་ཆུང་བདུན་ལྷག་བྱུང་སྟེ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་གི་དུས་ཚོད་གཅིག་མཚུངས་དང་བསྡུར་ན་ལྡབ་གསུམ་ཙམ་གྱིས་མང་དུ་འཕེལ་རྒྱས་ཕྱིན་ཡོད་པའི་སྐོར་བཤད་ཡོད་པ་རེད༎