བོད་ཀྱི་འགྲེམས་སྟོན་ཁང་ལོ་ཉེར་ལྔ་འཁོར་བའི་དུས་སྟོན་དང་བསྟུན་བོད་ཀྱི་བུད་མེད་ཅེས་པའི་དམིགས་བསལ་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པ།

བཞུགས་སྒར་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་བཙུགས་ནས་ལོ་ ༢༥ འཁོར་བའི་དུས་སྟོན་དང་ཆབས་ཅིག ཟླ་ ༤ པའི་ཚེས་ ༣༠ ཉིན་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་ཀྱི་བུད་མེད་བྱས་རྗེས་ཅན་ཚོའི་སྐོར་གྱི་དམིགས་བསལ་དུས་ཐུང་འགྲེམས་སྟོན་ཞིག་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ནས་དབུ་འབྱེད་གནང་ཡོད་ཅིང་། འགྲེམས་སྟོན་དེའི་ནང་གཙོ་ཆེ་ཤོས་སྤྱི་ལོ་༡༩༥༡ ནས་ད་བར་འདས་གྲོངས་ཕྱིན་ཟིན་པའི་བོད་དོན་འཐབ་རྩོད་པ་དང་ཤེས་ཡོན་སློབ་གསོ། སྨན་བཅོས་ཀྱི་ལམ་ནས་གཞན་ཕན་གྱི་བྱ་བ་སྒྲུབ་མཁན་དང་ནང་ཆོས་ཉམས་ལེན་གྱི་མཁའ་འགྲོ་མ། བོད་ཀྱི་བླ་ཆེན་བསྟན་པ་ལ་མཛད་རྗེས་ཆེན་པོ་འཇོག་མཁན་གྲས་ཀྱི་གསང་ཡུམ་སོགས། བོད་མིའི་སྤྱི་ཚོགས་སུ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཐོག་བྱས་རྗེས་ཡོད་པའི་བུད་མེད་མང་དག་ཅིག་གི་སྐུ་པར་དང་ལོ་རྒྱུས་བཅས་འགྲེམས་སྟོན་གནང་བཞིན་པ་དབུ་འབྱེད་གྲུབ་རྗེས། སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ནས།བུད་མེད་ཚོར་འཇོན་ཐང་དང་བློ་སྟོབས་ཡོད་པ། བུད་མེད་ཚོ་དང་མཉམ་དུ་གཤིབས་ཏེ་ལས་ཀ་བྱས་པའི་རྐྱེན་པས་ཡིད་ཆེས་དང་བུད་མེད་ཅིག་ཡིན་པའི་སྤོབས་པའི་ཐོག་ནས་ཞུ་ཡི་ཡོད་པ་དང་མཚུངས། བུད་མེད་ཚོས་ད་དུང་ཧུར་ཐག་གནང་ན་ཁྱད་པར་ཆེན་པོ་བཟོ་ཐུབ་པའི་སྐོར་གསལ་སྟོན་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། ང་ཚོའི་འཐབ་རྩོད་ཁྲོད་འགྲེམས་སྟོན་གྱི་ལམ་ཁ་དེ་བརྒྱུད་ལམ་གཅིག་ཡིན་པར་ངོས་འཛིན་གྱིས། སྐོར་བསྐྱོད་དུ་རྒྱ་གང་ཆེའི་ལམ་ནས་རྒྱ་གར་དང་ཕྱི་རྒྱལ་དུ་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་པ་ལས། ཕྱི་རྒྱལ་དང་རྒྱ་གར་ནང་བཅས་སུ་ད་དུང་ཡང་བོད་དོན་སྐོར་མི་ཤེས་མཁན་མང་པོ་འདུག་ཅེས་གསལ་སྟོན་གནང་གི་འདུག་ལ། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། གཙོ་ཆེ་ཤོས་དུས་ཐུང་འགྲེམས་འདི་ཆབ་སྲིད་ཀྱི་འགྲེམས་སྟོན་ཞིག་ཡིན་པར་བརྟེན། སྤྱི་ལོ་ ༡༩༥༡ ནས་ད་བར་བོད་ཀྱི་བུད་མེད་དཔའ་མོ་དང་རྒྱལ་གཅེས་པ། རང་ལུས་མེར་བསྲེག་གནང་མཁན་བཅས་མང་པོ་བྱུང་ཡོད་པ་ཚོའི་ཚབ་མཚོན་དུ་འགྲེམས་སྟོན་སྙིང་བསྡུས་ཤིག་དང་། ཕྱོགས་མཚུངས་ཆོས་ཕྱོགས་ཀྱི་མཁའ་འགྲོ་དང་རྣལ་འབྱོར་མ། ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུ་བ་སོགས་ཀྱི་སྐོར་ཀྱང་བཀོད་ཡོད་པ་ངོ་སྤྲོད་གནང་གི་འདུག
བོད་ཀྱི་འགྲེམས་སྟོན་ཁང་གི་དུས་ཐུང་འགྲེམས་སྟོན་འདི་ནི་གཙོ་ཆེར་བོད་རིགས་གཞོན་སྐྱེས་སྤྱི་དང་ཁྱད་པར་བུད་མེད་ཚོར་སེམས་འགུལ་ཐེབས་པ། བུད་མེད་བྱས་རྗེས་ཅན་ཚོའི་བྱས་རྗེས་ཡིད་ལ་བཅངས་ཏེ་རྒྱུན་སྲིང་ནས་བོད་དོན་འཐབ་རྩོད་མུ་མཐུད་གནང་ཐུབ་དགོས་པ་ནི།འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།