རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་གཉིས་ལྷག་རིང་ཆབ་མདོ་སྨར་ཁམས་རྫོང་དུ་གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་གཏོར་སྐྱོན་ཤུགས་ཆེན་གཏོང་གི་ཡོད་པ། ས་གནས་བོད་མི་ཚོས་འགྲེལ་བརྗོད་གནང་གི་འདུག

2025.03.24
རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་གཉིས་ལྷག་རིང་ཆབ་མདོ་སྨར་ཁམས་རྫོང་དུ་གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་གཏོར་སྐྱོན་ཤུགས་ཆེན་གཏོང་གི་ཡོད་པ། ས་གནས་བོད་མི་ཚོས་འགྲེལ་བརྗོད་གནང་གི་འདུག བོད་མི་རྣམས་ནས་ཞུ་གཏུག་གནང་བཞིན་པ། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༨ པའི་ཚེས་ ༧ ནས་བཟུང་། བོད་ནང་གི་ཆབ་མདོ་སྨར་ཁམས་རྫོང་མཚོ་རྔ་ཡུལ་ཚོའི་རི་རྒྱུད་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཤུགས་ཆེར་གཉེར་སྟེ། ས་གནས་མི་མང་ཚོའི་ཞིང་ཁ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གྱིས་འཚོ་བརྟེན་སོགས་ལ་དཀའ་ངལ་བྱུང་རྐྱེན། ས་གནས་མི་མང་ནས་སྲིད་གཞུང་ལ་གཏེར་ཁ་སྔོག་འདོན་མཚམས་འཇོག་ཡོང་བའི་ཞུ་སྐུལ་དང་། འདི་ལོའི་ཕྱི་ཟླ་ ༣ ནས་བཟུང་བསྐྱར་དུ་གཏེར་ཁ་སྔོན་འདོན་མགོ་ཚུགས་ཀྱི་ཡོད་པས་ས་གནས་ཀྱི་མི་མང་ཚོས་ཚོགས་འདུ་ཚོགས་ཏེ་ས་གནས་སྲིད་གཞུང་ལ་ཞུ་གཏུག་དང་ནང་ཁུལ་ཚོགས་འདུ་བརྒྱུད་གཏེར་ཁ་སྔོན་འདོན་མཚམས་འཇོག་གི་ཐབས་ཤེརས་འཚོལ་གྱི་ཡོད་ན་ཡང་། ས་གནས་སྲིད་གཞུང་ནས་རྗེས་ཕྱོགས་མི་མང་འདུ་འཛོམས་སོགས་ཀྱིས་གཏེར་ཁ་སྔོག་འདོན་དང་། ས་གནས་སྲིད་གཞུང་གི་རྒྱུན་ལྡན་གྱི་ལས་དོན་ལ་བར་ཆད་བཟོས་ཡིན་ན། འཛིན་བཟུང་བྱ་རྒྱུ་ཡིན་པ་སོགས་ཀྱི་འཇིག་སྐུལ་བྱེད་བཞིན་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གསུམ་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ས་གནས་མི་མང་ནས་གཏེར་ཁ་སྔོག་མགོ་ཚུགས་པ་ནས་སྲིད་གཞུང་ལ་ཞུ་སྐུལ་དང་མཚམས་འཇོག་དགོས་པའི་རེ་སྐུལ་བྱས་ཀྱང་། རྒྱ་ནག་གཞུང་འབྲེལ་ས་གནས་མགོ་ཁྲིད་ཚོས་བོད་མི་ཞུ་སྐུལ་མཁན་ཚོར་གཏེར་ཁ་སྔོག་འདོན་དེར་གཞུང་འབྲེལ་ཆོག་མཆན་ཡིག་ཆ་ཡོད་པ་དང་། ས་ཆ་དེ་དག་རྒྱལ་ཁབ་ཀྱི་ས་ཆ་ལས་མི་མང་ལ་དབང་ཆ་གང་ཡང་མེད་པས། གང་བྱུང་ཞུ་གཏུག་བྱས་ན་འཛིན་བཟུང་བྱ་རྒྱུ་ཡིན་པ་སོགས་ཀྱི་འཇིག་སྐུལ་འོག་ཁ་གཅོད་ཐབས་བྱས་ཡོད་པ་དང་། རི་ངོགས་ཀྱི་གཏེར་ཁ་སྔོག་འདོན་དང་འབྲེལ་ས་གནས་དེར་ལོ་ཤས་ནང་བྱུང་མ་མྱོང་བའི་ཆུ་ལོག་དང་རི་ཉུལ་ཐེངས་ཁ་ཤས་བྱུང་བ་མ་ཟད། ཁོར་ཡུག་དང་རྩི་ཤིང་གཙོས་སྐྱེས་ཁམས་ལ་གཏོར་སྐྱོན་ཤུགས་ཆེན་བཏང་སྟེ། སྒོ་ཕྱུགས་སེམས་ཅན་འཚོ་གནས་བྱ་ཡུལ་མེད་པ་དང་། ཞིང་ས་དང་རྩྭ་ཐང་སོགས་ལ་གནོད་སྐྱོན་གྱིས་ཞིང་ལས་གཉེར་མི་ཐུབ་པ། ས་བཅུད་ཉམས་པའི་དཀའ་ངལ་སོགས་སྲིད་གཞུང་ལ་ཡར་ཞུ་ཞུས་ཀྱང་། གཏེར་ཁ་སྔོག་འདོན་དེ་སྨར་ཁམས་རྫོང་ས་གནས་མགོ་ཁྲིད་དང་རྒྱ་ནག་གཞུང་འབྲེལ་བཟོ་ཚོང་ཁང་ཁག་གི་བར་ངན་འབྲེལ་གྱིས་སྔོག་འདོན་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་མི་མང་གི་ཁྲིམས་མཐུན་ཞུ་སྐུལ་དང་ས་གནས་ཀྱི་རྒན་རབས་པ་ཚོས་སྲིད་གཞུང་གི་སྒོ་ཁར་འདུ་འཛོམས་ཀྱིས་ངུ་འབོད་དང་བཅས་ཞུ་སྐུལ་བྱེད་དགོས་བྱུང་གི་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

གནད་དོན་དེ་དང་འབྲེལ་བོད་ནང་གི་བོད་མི་ཞིག་ནས་སྤྱི་ཚོགས་དྲ་ལམ་སྟེང་གཏེར་ཁ་སྔོན་འདོན་དང་ས་གནས་མི་མང་གིས་ཞུ་སྐུལ་དང་མི་མང་ལ་བསམ་ཚུལ་ཅི་ཡོད་གཙོས་པའི་བརྙན་ཞིག་བརྒྱུད་སྐུར་བྱས་སོང་ན་ཡང་། དུས་ཡུན་རིང་པོ་མ་སོང་བར་བརྙན་དེ་རྒྱ་ནག་གཞུང་འབྲེལ་གྱི་སྤྱི་ཚོགས་དྲ་ལམ་ནས་ནག་བསུབ་བཏང་སོང་ལ། བརྙན་ནང་དུ་མི་མང་ཁག་ཅིག་ནས་སྐད་ཆ་བཤད་བཞིན་པ་ལས། བོད་མི་ཞིག་གིས་མཚོ་རྔ་ཡུལ་ཚོའི་འགོ་ཁྲིད་དང་རྫོང་གི་འགོ་ཁྲིད་ཚོས་མི་མང་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་པ་ལས་དོན་དངོས་སུ་རྒྱབ་སྐྱོར་མི་བྱེད་པ་མ་ཟད། མཚོ་རྔ་ཡུལ་ཚོར་མི་གྲངས་ ༡༧༣༠ ཙམ་ཡོད་ཀྱང་ས་གནས་ཡུལ་ཚོའི་འགོ་ཁྲིད་ཚོས་མི་མང་གི་བདེ་སྡུག་ལ་རོགས་སྐྱོར་གང་ཡང་མི་བྱེད་པ་དང་། མི་མང་རྣམས་དྭ་ཕྲུག་ཐང་ལ་གཡུགས་པ་ལྟར་ལྷག་སོང་། དུས་རྒྱུན་རི་མགོ་ནས་ཤིང་སྡོང་གཅིག་བཅད་ན་རྒྱ་སྒོར་༥༠༠ ཉེས་ཆད་གཅོད་ཀྱི་ཡོད་ཀྱང་། ད་ལྟ་ས་གནས་ཀྱི་འགོ་ཁྲིད་དང་ཚོང་པ་གཉིས་ཀྱིས་ངན་འབྲེལ་བྱས་ནས་ཤིང་ནགས་གྲངས་མེད་གཅོད་བཞིན་ཡོད་ན་ཡང་། བརྟག་ཞིབ་དང་བཤད་མཁན་གླེང་མཁན་མེད་པ་སོགས་འགྲེལ་བརྗོད་གནང་བཞིན་འདུག་ལ། བརྙན་དེའི་འོག་ཏུ་མཆན་བཀོད་མཁན་ཁྲོད་དུ་གཏེར་ཁ་སྔོག་འདོན་རྐྱེན་གྱིས་སྔར་ལོ་ཆུ་ལོག་དང་ས་ཉིལ་བྱུང་སྟེ། ཞིང་ས་རྩ་མེད་དང་སེམས་ཅན་གཡག་ ༢༢ ལྷག་དང་སྡོད་ཁང་མང་དག་ཅིག་ཆུ་ལོག་གིས་ཁུར་བ་དང་རྩྭ་ཐང་འདམ་ཆུ་ཡིས་བཀང་སྟེ་མི་མང་གི་འཚོ་གནས་ལ་གྱོང་གུད་ཤུགས་ཆེར་ཐེབས་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག

ཡང་བོད་མི་གཞན་ཞིག་ནས་གཏེར་ཁ་སྔོག་འདོན་དེ་བཀག་འགོག་གི་ཆེད་དུ་མི་མང་གིས་རྒྱ་སྒོར་ཁྲི་མང་པོ་བཏང་སྟེ་མཚམས་འཇོག་ཡོང་བའི་ཞུ་སྐུལ་བྱས་ཀྱང་། ད་བར་གྲུབ་འབྲས་གང་ཡང་ཐོན་གྱི་མེད་པ་དང་། མི་མང་ངོས་ནས་དངུལ་སྒོར་མང་པོ་དེ་འདྲ་བཏང་བ་དེ་དངུལ་མང་དྲགས་པའི་རྐྱེན་གྱིས་མ་ཡིན་པར། ང་ཚོས་རང་གི་འཚོ་གནས་དང་ཡུལ་ལུང་སྲུང་སྐྱོབ་ཀྱི་ཆེད་བཏང་བ་ཡིན། གནས་རི་དེ་ནི་ས་གནས་ཀྱི་འབྲོག་པ་དང་ཞིང་པ། ཡུལ་མི་ཚོའི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་ད་དུང་མཚམས་འཇོག་མ་བྱས་ཚེ་ལས་འགུལ་འདྲ་མིན་སྤེལ་རྒྱུ་ཡིན་པ་སོགས་བརྗོད་འདུག་ལ། ཡང་བོད་མི་གཞན་ནས་ས་གནས་མི་མང་གིས་གཏེར་ཁ་སྔོན་འདོན་ལ་ཞུ་གཏུག་དང་འབྲེལ། ཕྱི་ལོ་ ༢༠༢༡ ལོར་ས་གནས་སྲིད་གཞུང་ནས་མི་མང་ལ་ཁོང་ཚོར་གཏེར་ཁ་སྔོན་འདོན་གྱི་ཡིག་ཆ་དང་ཆོག་མཆན་ཡོད་སྐོར་བརྗོད་ནས། མི་མང་ཚང་མར་ཡིག་ཆ་ཞིག་ལ་འདོད་པ་ཡོད་པའི་མཚན་རྟགས་བཀོད་བཅུག་པ་དང་། ས་གནས་སུ་མེད་པའི་ཡུལ་མི་ཚང་མ་ཕྱིར་སྐད་བཏང་བས། རླངས་འཁོར་རྡབ་སྐྱོན་ཁྲོད་མི་གཅིག་རྐྱེན་འདས་དང་མི་གཅིག་གཟུགས་གཞི་སྐྱོན་ཅན་དུ་གྱུར་ནས་ཡོད་ན་ཡང་། རྗེས་སུ་སྲིད་གཞུང་གིས་མི་མང་གི་ཁ་འགོག་ཐབས་ཆེད་ལས་གཏེར་ཁ་སྔོག་འདོན་ལ་ཆོག་མཆན་གང་ཡང་མེད་པ་གསལ་རྟོགས་བྱུང་ཡོད་སོགས་འགྲེལ་བརྗོད་བྱས་འདུག

སྤྱིར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ཡིག་ཆ་ཡོད་སྐོར་བརྗོད་ནས། བོད་ཀྱི་ས་གནས་གང་སར་ཁྲིམས་འགལ་ངང་གཏེར་ཁ་སྔོན་འདོན་གྱི་གནད་དོན་མང་དག་ཅིག་བྱུང་གི་ཡོད་པ་རེད་ལ། སྔར་ལོའི་ཕྱི་ཟླ་ ༡༠ ནང་བོད་ནང་གི་ཁྱུང་མཆུ་རྫོང་དུ་རྒྱ་ནག་གི་བཟོ་ཚོང་ཁང་དང་ས་གནས་སྲིད་གཞུང་གི་དཔོན་རིགས་ངན་འབྲེལ་གྱིས་ཡུལ་དེའི་རྡང་ཆུ་གཙང་བོའི་ངོགས་སུ་བྱེ་རྡོ་སྔོག་འདོན་གྱིས་ཁོར་ཡུག་གནོད་སྐྱོན་ཐེབས་བཞིན་པའི་ཐད། ས་གནས་ཡུལ་མི་མཚཆོ་སྔོན་ཚེ་རིང་ལགས་ནས་དྲ་ལམ་བརྒྱུད་ཞུ་སྐུལ་བྱས་པ། རྒྱ་ནག་གཞུང་གིས་སྤྱི་ཚོགས་ཟིང་འཁྲུག་ལངས་སྐོར་བརྗོད་འཛིན་བཟུང་བཙོན་འཇུག་འོག་བཅུག་ཡོད་པ་རེད། ཐེངས་འདིར་སྨར་ཁམས་མཚོ་རྔ་ཡུལ་ཚོའི་གཏེར་ཁ་སྔོག་འདོན་སྐོར་དྲ་ལམ་དུ་ཁྱབ་རྗེས། མི་མང་གིས་བརྙན་དེར་མཆན་དང་རྒྱུད་སྐུལ་ཤུགས་ཆེར་བྱེད་བཞིན་འདུག །

མཆན། ཕྱི་ལོ་ ༢༠༢༥ ཟླ་ ༠༣ ཚེས་ ༢༥ ཉིན་གནས་ཚུལ་ཁ་སྣོན་ཞུས་ཡོད། 

གསར་འགོད་པ། ལོ་ཡག་བཀྲིས། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎