མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ཡར་རྒྱས་ཚོགས་ཆུང་གི་ཚོགས་འདུའི་ཐོག་བོད་དོན་གླེང་བ།
2019.05.04

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། སུད་སིའི་གྲོང་ཁྱེར་འཇི་ནི་ཝའི་ནང་རྟེན་གཞི་བྱེད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ཡར་རྒྱས་ཚོགས་ཆུང་ནས་འཛུགས་སྐྲུན་ཡར་རྒྱས་གོང་འཕེལ་གྱི་ལས་དོན་བྱེད་ཕྱོགས་ཐད་བསྐྱར་ཞིབ་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་ཚོགས་མིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་དང་། མཁས་དབང་། ཉམས་ཞིབ་པ། ཚན་རིག་པ། སྤྱི་དམངས་ཐོབ་ཐང་ཆོགས་པའི་ཚོགས་མི་བཅས་ལྷན་འཛོམས་ཀྱིས་ཕྱི་ལོ་ ༢༠༣༠ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་གནས་ཐུབ་པའི་ཡར་རྒྱས་ལས་གཞིའི་གྲོས་གཞི་ཐད་གོ་བསྡུར་ནན་པོ་གནང་ཡོད་འདུག
གོང་ཞུས་ལྷན་ཚོགས་སྐབས་། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་དཀོན་མཆོག་སྒྲོལ་མ་ལགས་ཀྱིས་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་སམ་Society for Threatened Peoples ཞེས་པའི་སྐུ་ཚབ་ཀྱི་ངོ་བོའི་ཐོིག་ནས་མཉམ་ཞུགས་གནང་སྟེ་གཏམ་བཤད་སྤེལ་བའི་ནང་། དེང་སྐབས་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་གླེང་སློང་བྱེད་སྐབས་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་མཐོ་སྒང་གི་སྐོར་མི་མང་པོ་ཞིག་གིས་མཁྱེན་རྟོགས་མེད་པ་ནི་ཧ་ཅང་ཡ་མཚན་དགོས་པ་ཞིག་ཡིན་པ་དང་། ལྷན་ཚོགས་ཀྱི་ངོས་ནས་ཁོར་ཡུག་གི་གནད་དོན་ཐད་རྒྱལ་ཁབ་ཀྱི་ས་མཚམས་དངའགལ་ནས་ཤུགས་རྐྱེན་སྤྲོད་བཞིན་པའི་ས་ཁུལ་རྣམས་ལ་དམིགས་ཏེ་ཞིབ་འཇུག་བྱེད་དགོས་ངེས་ཡིན་ལུགས་ཞུས་པ་དང་། དེ་བཞིན་བོད་མཐོ་སྒང་གི་ཁོར་ཡུག་ནི་གོ་ལ་སྤྱིའི་ཁོར་ཡུག་གི་གནས་སྟངས་ཐོག་གལ་གནད་ཆེ་ཚུལ་དང་། ལྷག་པར་བོད་ནི་འཛམ་གླིང་ནང་འཁྱགས་རོམ་དང་འཐུང་ཆུའི་ཆུ་མཛོད་ཆེ་ཤོས་ཡོད་ས་ཡིན་པ་ཙམ་མ་ཟད། ཨེ་ཤེ་ཡའི་རྒྱུག་ཆུ་ཆེ་ཁག་གི་ཆུ་སྒོ་ཡང་བོད་མཐོ་སྒང་ཡིན་པ་དང་། འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཕུད་པའི་འཁྱགས་རོམ་ཆེ་ཤོས་ཡོད་སའང་བོད་ཡིན་སྟབས། གླིང་ཕྲན་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་མི་མང་ས་ཡ་མང་པོ་བོད་མཐོ་སྒང་ནས་རྒྱུགས་པའི་ཆུ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་སྟབས་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་གྲགས་བཞིན་ཡོད་ཅེས་གསུངས་ཡོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།