འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་རྒྱ་གར་གྱི་མཐོ་སློབ་ཁག་ནང་བོད་དོན་གོ་རྟོགས་སྤེལ་བཞིན་འདུག

2023.10.18
འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་རྒྱ་གར་གྱི་མཐོ་སློབ་ཁག་ནང་བོད་དོན་གོ་རྟོགས་སྤེལ་བཞིན་འདུག འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་རྒྱ་གར་གྱི་མཐོ་སློབ་ཁག་ནང་བོད་དོན་གོ་རྟོགས་སྤེལ་བཞིན་པ། ༡༠།༡༧།༢༠༢༣
CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་གོ་སྒྲིག་འོག སྤྱི་ཟླ་༡༠པའི་ཚེས་༡༦ནས་༡༨བར་ཉིན་གྲངས་གསུམ་རིང་། རྒྱ་གར་གྱི་ཨུ་ཏར་པྲ་དེཤ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་མཐོ་སློབ་ཆེ་ཁག་བཞིའི་ནང་། འཕགས་བོད་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་འབྲེལ་ལམ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་བོད་བཙན་བཟུང་བྱས་པའི་དངོས་ཡོད་གནས་སྟངས་སོགས་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་ཡོད་པ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་འགན་འཛིན་ཐུབ་བསྟན་རིག་འཛིན་ལགས་ཀྱིས། རྒྱ་གར་གྱི་མི་རབས་གསར་པ་ཚོར་བོད་དོན་གོ་རྟོགས་སྤེལ་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་འདུག་ཅེས་དང་། གོ་རྟོགས་ལས་འགུལ་སྤེལ་བའི་སྐབས་རྒྱ་གར་བ་བཞི་ཆ་གཅིག་གིས་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་མཁྱེན་རྟོགས་ཡོད་པ་ལས། བོད་ཀྱི་གནད་དོན་ཐད་གཏིང་ཟབ་མཁྱེན་རྟོགས་ཡོད་མཁན་ཉུང་ཤས་ཤིག་ལས་མི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ལས་འགུལ་ཉིན་དང་པོ་སྟེ། འདི་ཚེས་༡༦ཉིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Bharat Tibbat Samvad Manch)་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་འོག སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཡུལ་རྩ་མཆོག་གྲོང་གི་བུདྡྷ་མཐོ་སློབ་ཏུ་དགེ་ལས་སློབ་ཕྲུག་རྣམས་ལ་བོད་དོན་གོ་རྟོགས་སྤེལ་འདུག་ཅིང་། སྐབས་དེར་སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་(Rajnikant Mani Tripati)་ལགས་དང་། དམིགས་བསལ་སྐུ་མགྲོན་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་(Rakesh Jaiswal)་ལགས། དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་(National Co-Convener of Core Group for Tibetan Cause-India)་ཡི་འབྲེལ་མཐུད་པ་སྐུ་ཞབས་(Surendra Kumar)་སོགས་ཆེད་ཕེབས་ཀྱིས་བོད་དོན་གཏམ་བཤད་གནང་འདུག
ཚེས་༡༧ཉིན་ཁུལ་དེར་ཆགས་པའི་ཕ་ཝན་ན་གར་མ་ཧཱ་ཝིར་(Pavanagar Mahaveer Inter College)་སློབ་གྲྭར་བོད་དོན་གོ་རྟོགས་ལས་འགུལ་སྤེལ་བ་དང་ཆབས་ཅིག བོད་ཀྱི་འགྲེམས་སྟོན་ཁང་གིས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་པར་རིས་འགྲེམས་སྟོན་དང་། བོད་དོན་དཔེ་དེབ་བགོ་འགྲེམས་གནང་འདུག
འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་འགན་འཛིན་ཐུབ་བསྟན་རིག་འཛིན་ལགས་ཀྱིས། བུདྡྷ་མཐོ་སློབ་ཏུ་དེ་གའི་འབྲེལ་མཐུད་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་རྩོམ་ཡིག་འགྲན་བསྡུར་ནང་ཁྱོན་སློབ་མ་༣༠ལྷག་མཉམ་ཞུགས་གནང་བའི་ཁྲོད་རྩོམ་ཡིག་རྩེ་ཕུད་ལྔ་ལ་ལེགས་གསོལ་བྱ་དགའ་གནང་ཡོད་པ་དང་། ཚེས་༡༨ཉིན་(Udit Narayan)་མཐོ་སློབ་ཏུ་བོད་དོན་གོ་རྟོགས་ལས་འགུལ་སྤེལ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་གོ་སྒྲོག་འོག་ཁ་སྔོན་སྤྱི་ཟླ་༨པའི་ནང་། རྒྱ་གར་ནུབ་བྷང་གྷལ་མངའ་སྡེའི་ནང་ཆགས་པའི་རྡོ་རྗེ་གླིང་དུ་ས་གནས་རྒྱ་གར་གྱི་ཡུལ་མི་དང་བོད་མིའི་ས་གནས་འགོ་འཛིན་སོགས་མཉམ་ཞུགས་ཀྱིས། ཁུལ་དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཡན་ལག་གསར་འཛུགས་གནང་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎