སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་ལ་འཚམས་འདྲི་གནང་འདུག
དེ་ཡང་ལྕམ་(Droupadi Murmu)་མཆོག་འཛམ་གླིང་སྟེང་གི་མི་འབོར་མང་ཤོས་ཀྱི་མང་གཙོའི་རྒྱལ་ཁབ་རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་ལགས་རྣམ་གཉིས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས། ཁོང་མོ་རྒྱ་གར་གྱི་སྲིད་འཛིན་སྐབས་བཅོ་ལྔ་པའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་དགའ་བསུ་ཞུས་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གི་འཚམས་འཕྲིན་ནང་། ཁོང་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། བོད་མི་རྣམས་ཀྱིས་རྒྱ་གར་མི་མང་གི་ལྷན་དུ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་ཡི་ཡོད་ཅེས་དང་། ལྕམ་སྐུ་མཆོག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་ཞབས་འདེགས་རླབས་ཆེན་ཞུས་གནང་ཡོད་སྟབས། གང་ཉིད་རྒྱ་གར་གྱི་སྲིད་འཛིན་ལ་བདམས་ཐོན་བྱུང་བ་ནི་འོས་ཤིང་འཚམས་པ་རེད། སྐུ་ཉིད་ཀྱི་དབུ་ཁྲིད་འོག་རྒྱ་གར་དེ་བཞིན་ཡར་རྒྱས་གོང་འཕེལ་འགྲོ་ཐུབ་པའི་གདེང་ཚོད་ཡོད་ལ། རྒྱ་གར་ནི་བཙན་བྱོལ་བོད་མི་རྣམས་ཀྱི་ཁྱིམ་གཞིས་གཉིས་པ་ལྟ་བུ་ཡིན། གོ་སྐབས་འདི་བརྒྱུད་ནས་ངོས་ནས་རྒྱ་གར་གཞུང་དམངས་གཉིས་ཀྱིས་གཏོང་ཕོད་ཆེན་པོའི་སྒོ་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་བཀྲིན་ཤིན་ཏུ་ཆེ་ཞེས་རྒྱུ་ཡིན། ལྕམ་སྐུ་མཆོག་གིས་གོ་གནས་མཐོ་བའི་རྒྱ་གར་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་གནང་ཡོད་སྟབས་དཀའ་ངལ་ཁག་ལ་གདོང་ལེན་དང་། རྒྱ་གར་མི་མང་གི་མངོན་འདོད་ཁག་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་བཀོད་གནང་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་འཚམས་འཕྲིན་ནང་། རྒྱ་གར་གཞུང་དམངས་གཉིས་ཀྱིས་ད་བར་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་དང་། བོད་མི་མང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ་སྤྱི་དང་། ལྷག་དོན་དུ་འདས་པའི་ལོ་ངོ་དྲུག་ཅུའིལྷག་རིང་རྒྱ་གར་ནི་བོད་མིའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད་པ་སོགས་རྒྱ་གར་གཞུང་དམངས་གཉིས་ནས་ད་བར་བོད་མི་རྣམས་ལ་བཀའ་དྲིན་བསྐྱངས་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་སྲིད་འཛིན་གནང་བའི་ལས་ཡུན་རིང་རྒྱ་གར་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུ་དེ་བཞིན་སྐུ་ཉིད་ཀྱི་མ་འོངས་པའི་ལས་དོན་གལ་ཆེ་ཤོས་ཁོངས་སུ་ཡོད་པའི་ཡིད་ཆེས་ཆེན་པོ་ཡོད་ཅེས་བཀོད་གནང་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།