ཕྱི་རྒྱལ་གསར་འགོད་པས་གསང་བའི་ཐོག་ནས་བོད་ནང་བསྐྱོད་པ།
2012.04.14
༄༅༎བོད་ནང་རང་ལུས་ཞུགས་འབུལ་བྱས་པའི་གནས་ཚུལ་ཐེངས་མང་བྱུང་དང་འབྱུང་བཞིན་པ་དེ་དག་ནི། རྒྱ་ནག་གཞུང་གིས་བོད་མིའི་རང་དབང་རྡོག་རོལ་བཏང་བ་ཙམ་མ་ཟད། ཆོས་དང་རིགས་གཞུང་། དེ་བཞིན་མི་རིགས་བཅས་པ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་ཞིག་ཆགས་ཀྱི་ཡོད་པའི་སྐོར། ཉེ་ལམ་རང་ལུས་ཞུགས་འབུལ་ཀྱི་གནས་ཚུལ་བྱུང་སའི་ས་ཁུལ་དུ་གསང་བའི་ཐོག་ནས་བསྐྱོད་ཐུབ་པའི་ཕེ་རནས་ཡི་གསར་འགོད་པ་ཨུར་སུ་ལ་གོའོ་ཐིཡེར་ལ་ཐུག་འཕྲད་བྱུང་བའི་བོད་མི་ཁག་ཅིག་གིས་གནས་ཚུལ་འགྲེལ་བརྗོད་གནང་འདུག
དེ་ཡང་ འདི་ཚེས་ ༡༣ ཉིན་ World Cruch ཅེས་པའི་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་ཕེ་རནས་ཡི་གསར་འགོད་པ་ཨུར་སུ་ལ་གོའོ་ཐིཡེརཡིས་ཨ་མདོ་རེབ་གོང་དང་འབའ་རྫོང་བཅས་པར་གསང་བའི་ཐོག་ནས་བསྐྱོད་ཐུབ་པ་བྱུང་བའི་སྐབས་ རེབ་གོང་དུ་འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༧ ཉིན་རང་ལུས་ཞུགས་འབུལ་གནང་མཁན་བསོད་ནམས་དར་རྒྱས་ལགས་ཀྱི་ནང་མིར་ས་གནས་མང་ཚོགས་ཀྱིས་ཐུགས་གསོའི་འཚམས་འདྲི་བྱེད་སར་འབྱོར་སྐབས། འདས་པོ་དེ་ཡི་བཟའ་ཟླ་སྒྲོལ་དཀར་སྐྱིད་ལགས་ནི་ཡིད་གདུང་གིས་སྐད་ཆ་ཤོད་མི་ཐུབ་པར་ལུས་ཡོད་སྟབས། ལོ་ན་ལྔ་བཅུར་སོན་པའི་འདས་པོའི་སྤུན་མཆེད་ཅིག་ལ་གསར་འགོད་པས། བསོད་ནམས་དར་རྒྱས་ཀྱིས་རང་ལུས་མེ་བསྲེག་བཏང་བ་དེར་སེམས་སྡུག་ཡོང་གི་འདུག་གམ་ ཡང་ན་སྤོ་བ་སྐྱེ་གི་འདུག་ཅེས་འདྲིས་པར། སྤུན་མཆེད་དེ་ཡིས། ངས་ཁྱེད་ལ་དགོངས་སེལ་ཞུ་གི་ཡིན། དོན་གནད་དེ་ཚོའི་སྐོར་ང་ཚོས་སྐད་ཆ་ཤོད་ཆོག་གི་མ་རེད་ཅེས་ལན་འདེབས་བྱས་ཡོད་ནའང༌། གསར་འགོད་པ་འབའ་རྫོང་དུ་འབྱོར་སྐབས་གནད་དོན་དེའི་སྐོར་བསམ་ཚུལ་འདྲི་རྩད་བྱས་པར་དགེ་འདུན་པ་ན་གཞོན་ཞིག་གིས། ང་ཚོས་ཀྱང་ས་གནས་འདིར་ངོ་རྒོལ་བྱས་པ་ཡིན། ང་ཚོར་ག་རེ་དགོས་ཀྱི་ཡོད་རེད་ཟེར་ན། ང་ཚོར་རང་དབང་དགོས་ཀྱི་ཡོད་རེད། འདིར་ང་ཚོར་རང་དབང་ཡོད་མ་རེད། ང་ཚོར་རང་དབང་གི་ཐོག་ནས་སོ་སོའི་ཆོས་བྱེད་པའི་ཐོབ་ཐང་ཡོད་མ་རེད། ང་ཚོའི་ཆོས་ཀྱི་དབུ་འཁྲིད་མཇལ་རྒྱུའི་ཐོབ་ཐང་ང་ཚོར་ཡོད་མ་རེད། ང་ཚོར་རང་གི་སྐད་ཡིག་ཐོག་སློབ་སྦྱོང་བྱེད་པའི་ཐོབ་ཐང་ཡོད་མ་རེད། རང་གི་ནང་མི་སྤུན་མཆེད་དང༌དགོན་པ་བཅས་པར་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། ང་ཚོས་རང་ལུས་མེ་བསྲེག་གཏོང་རྒྱུ་ལའང་འཛེམ་བཟོན་བྱེད་དགོས་ཀྱི་ཡོད་རེད་ཅེས་དང། ཡང་དགོན་པའི་དཔེ་འཁྲིད་དགེ་རྒན་ཞིག་གིས། འདིར་བོད་པའི་སློབ་གྲྭ་ཁག་གི་ནང་བོད་ཡིག་སློབ་འཁྲིད་བྱེད་མི་ཆོག་པ་བཟོ་གི་ཡོད་རེད། རྒྱ་མི་རིགས་ཕོན་ཆེ་གནས་སྤོ་བྱས་ཏེ་ང་ཚོའི་མི་རིགས་རླགས་འགྲོ་གི་ཡོད་རེད། ཁྱོན་སྡོམ་ནས་བཤད་ན་ཁོ་ཚོས་ བོད་པའི་མི་རིགས་རྩ་མེད་བཟོ་རྒྱུའི་སེམས་ཐག་བཅད་ཡོད་རེད། རྒྱུ་མཚན་དེ་ཚོར་བལྟས་ནས་བོད་མི་ཚོས་རང་ལུས་མེ་བསྲེག་གཏོང་གི་ཡོད་རེད་ཅེས་ལན་འདེབས་གནང་ཡོད་པའི་གནས་ཚུལ་བཀོད་འདུག།