འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོའི་བསྒྲགས་གཏམ་ནང་བོད་དོན་གླེང་འདུག
དེ་ཡང་ཉི་ཧོང་གི་གྲོང་ཁྱེར་(Hiroshima)་ནང་ཚོགས་པའི་(G7)་ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་རྗེས་ཚེས་༢༠ཉིན་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གི་དཔལ་འབྱོར་དང་དྲག་པོའི་སྟོབས་ཤུགས་རྒྱ་བསྐྱེད་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་གནང་བ་མ་ཟད། བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་མིང་དངོས་སུ་བཏོན་ནས་རྒྱ་གཞུང་གིས་ས་ཁུལ་དེ་དག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་དང་དེའི་ཐད་བློ་འཚབ་ཡོད་པ་བསྟན་འདུག་ལ། རྒྱ་ནག་གི་ཕྱོགས་ནས་དེ་ནི་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག
གཞན་(BBC)་སོགས་གསར་ལམ་ཁག་གིས་ཉི་ཧོང་ནས་གནས་ཚུལ་སྤེལ་བ་ལྟར་ན། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་ཡུཀ་རེན་གྱི་སྲིད་འཛིན་(Volodymyr Zelensky)་ལགས་ཉི་ཧོང་གི་ཧེ་རོ་ཤེ་མ་གྲོང་ཁྱེར་དུ་མགྲོན་བསུ་གནང་ནས་ར་ཤེ་ཡར་བརྡ་ལན་ནན་པོ་ཞིག་བཏང་བ་དང་། དབྱིན་ཇི་སྲིད་བློན་(Rishi Sunak)་ལགས་ཀྱིས་རྒྱ་ནག་ནི་གོ་ལའི་བདེ་འཇགས་དང་དཔལ་འབྱོར་གྱི་ཐད་ནས་ང་ཚོའི་མི་རབས་འདིར་འགྲན་རྩོད་ཆེས་ཆེ་ཤོས་དེ་ཡིན་པ་མ་ཟད། རང་གི་རྒྱལ་ཁབ་དང་རྒྱལ་ཁབ་ཕྱི་ལ་དབང་ཆ་གཅིག་སྡུད་ཀྱི་སྣང་ཚུལ་ཇེ་ཆེར་མངོན་གྱི་ཡོད་ཅེས་གསུངས་པ་དང་། དེ་བཞིན་འཛམ་གླིང་སྟེང་མང་གཙོའི་ཡུལ་གྲུ་ཕྱུག་ཤོས་ཀྱི་དབུ་ཁྲིད་ཚོས་རྒྱ་གར་རྒྱ་མཚོ་དང་ཐེ་ཝན་གྱི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་གསལ་སྟོན་གནང་བ་དང་ཆབས་ཅིག རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་ལ་དཔལ་འབྱོར་སོགས་ཀྱི་དབང་ཡོད་བྱེད་བཞིན་པའི་འོས་མིན་བྱ་སྤྱོད་ཀྱི་ཁ་གཏད་དུ་ལངས་རྒྱུའི་བརྡ་ལན་ཤུགས་དྲག་བསྟན་འདུག
ཐེངས་འདིར་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤེ་མར་སྐོང་ཚོགས་གནང་བའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་ལྷན་ཚོགས་ཀྱི་གོ་སྐབས་དང་བསྟུན། ཡུན་རིང་ཕྱིན་པའི་ཡུཀ་རེན་ཐོག་གི་དམག་འཐབ་མཚམས་འཇོག་ཡོང་སླད་རྒྱ་ནག་གིས་ར་ཤེ་ཡར་གནོན་ཤུགས་སྤྲོད་དགོས་པའི་བླང་བྱ་ནན་པོ་བཏོན་འདུག
(G7)་ཞེས་པའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་པོ་ནི་ཨ་མི་རི་ཀ་དང་། ཧྥ་རན་སི། དབྱིན་ཡུལ། ཨེ་ཊ་ལི། ཇར་མན་ནི། ཁེ་ན་ཌ། ཉི་ཧོང་བཅས་ཡིན་པ་དང་། རྒྱལ་ཁབ་བདུན་པོ་དེ་འཛམ་གླིང་གི་དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཀྱི་ཚབ་མཚོན་གནང་གི་ཡོད་པ་རེད་འདུག
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།