འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་གསལ་བསྒྲགས་ནང་བོད་དོན་གླེང་འདུག

འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་རྣམས་ཉི་ཧོང་དུ་ཚོགས་འདུ་ཚོགས་རྗེས། འདི་ཚེས་༡༨རེས་གཟའ་མིག་དམར་ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་བོད་དོན་སྐོར་གླེང་སློང་གནང་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བདུན་(G7)་གྱི་ཕྱི་འབྲེལ་བློན་ཆེན་རྣམས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ཐེ་བའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཐད་མུ་མཐུད་དུ་བློ་འཚབ་ཡོད་པ་གསལ་སྟོན་བྱ་རྒྱུ་དང་། དེ་བཞིན་ཧོང་ཀོང་གི་རང་དབང་དང་རང་སྐྱོང་གནས་བབས་མུ་མཐུད་དུ་སྡུག་ཏུ་འགྲོ་བཞིན་པར་བློ་འཚབ་ཆེན་པོ་ཡོད་ལ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་ནས་ཧོང་ཀོང་དབྱིན་ཇིའི་ལག་ནས་རྩིས་ལེན་བྱས་སྐབས་གསལ་བསྒྲགས་བྱས་པའི་འབྲུ་དོན་བཞིན་ཧོང་ཀོང་མི་མང་ལ་གཞི་རྩའི་ཐོབ་ཐང་སྤྲོད་རྒྱུ་ནི་ཁྲིམས་ཐོག་ནས་འགན་འཁུར་ཡོད་པ་ཞིག་རེད་ཅེས་བཀོད་འདུག
(G7)་ཞེས་པའི་སྟོབས་ཆེན་རྒྱལ་ཁབ་བདུན་ཀྱི་ཕྱི་འབྲེལ་བློན་ཆེན་ཁོངས་སུ་ཁེ་ཎ་ཌ་དང་། ཧྥ་རན་སི། འཇར་མན་ནི། ཨི་ཌ་ལི། ཉི་ཧོང་། དབྱིན་ཇི། ཨ་མི་རི་ཀ དེ་བཞིན་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པ་དང་ཆེས་མཐོའི་སྐུ་ཚབ་བཅས་ཡོད་འདུག་ལ། ཁོང་རྣམ་པའི་ཚོགས་འདུ་དེའི་ཐོག་གཙོ་བོ་ར་ཤེ་ཡས་མུ་མཐུད་དུ་ཡུཀ་རེན་ནང་དམག་འཐབ་བྱེད་བཞིན་པ་སོགས་རྒྱལ་སྤྱིའི་ནང་བརྟན་ལྷིང་མེད་པའི་དུས་འདིར། སྟོབས་ཆེན་རྒྱལ་ཁབ་བདུན་པོ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དེ་གལ་ཆེ་ཡིན་པ་དང་། རྒྱལ་ཁབ་བདུན་པོས་བསྐྱར་དུ་ཁས་ལེན་ཞུ་རྒྱུར་ཐུན་མོང་གི་ནུས་པ་བཏོན་ནས། རྒྱལ་སྤྱིའི་ནང་གདོང་ལེན་བྱ་དགོས་པ་གནམ་གཤིས་འགྱུར་ལྡོག་དང་། མཁའ་རླུང་འབག་གཙོག འཕྲོད་བསྟེན། བཟའ་འབྲུ་དང་ནུས་ཤུགས་ཀྱི་བདེ་སྲུང་། ཁྲིམས་ཀྱི་དབང་འཛིན་ལམ་ནས་རྒྱལ་སྤྱིའི་ནང་བྱེད་སྒོ་གང་ཡོད་འཐུས་གཙང་ཡོང་ཐབས་སོགས་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་དེའི་ནང་འཁོད་འདུག་ལ། ད་དུང་ང་ཚོ་ཐུན་མོང་གི་ངོས་ནས་རྒྱལ་སྤྱིའི་མང་ཚོགས་ཀྱི་མ་འོངས་མདུན་ལམ་ཡར་རྒྱས་ཚགས་ཚུད་ཡོང་ཐབས་སུ་ཕྱྭར་གྲུ་མཉམ་འདེགས་བྱ་རྒྱུ་ཡིན་ཞེས་བཀོད་འདུག
གཞན་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་བྱ་ཐབས་ལ་གདོང་ལེན་གྱིས་ཐེ་ཝེན་མཚོ་གླིང་དུ་ཞི་བདེ་བརྟན་བརླིང་ཡོང་བ་བྱ་རྒྱུ་དེ་ཡང་གལ་ཆེ་ཡིན་པ་དང་། (G7)་འཛམ་གླིང་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་པོའི་ངོས་ནས་རྒྱ་ནག་གཅིག་ཅེས་པའི་སྲིད་ཇུས་ལ་འགྱུར་བ་བཏང་མེད་ཀྱང་། ཐེ་ཝན་དོན་ལྡན་ངང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་སོགས་རྒྱལ་སྤྱིའི་ཚོགས་པ་ཁག་ནང་མཉམ་ཞུགས་བྱ་རྒྱུ་དེ་ཡང་གལ་ཆེ་རེད་ལ། རྒྱལ་སྤྱིའི་ངོས་ནས་ཕྱོགས་ཚང་མའི་ཉམས་མྱོང་གི་ཐོག་ནས་ཁེ་ཕན་ལེན་ཐུབ་པ་བྱ་དགོས་སྐོར་སོགས་བཀོད་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།