ཧྥ་རན་སིའི་གྷུའི་མེཊི་འགྲེམས་སྟོན་ཁང་ནང་བོད་ཅེས་པའི་ཐ་སྙད་སྐྱར་གསོ་དགོས་པའི་སྐད་འབོད་ལས་འགུལ་ཐེངས་ ༢༣ པ་སྤེལ།

2025.03.24
ཧྥ་རན་སིའི་གྷུའི་མེཊི་འགྲེམས་སྟོན་ཁང་ནང་བོད་ཅེས་པའི་ཐ་སྙད་སྐྱར་གསོ་དགོས་པའི་སྐད་འབོད་ལས་འགུལ་ཐེངས་ ༢༣ པ་སྤེལ། ལས་འགུལ་བ་ཚོས་འགྲེམས་སྟོན་ཁང་མདུན་ངོ་རྒོལ་བྱེད་བཞིན་པ། ༢༠༢༥།༠༣།༢༣
RTYC France

ཧྥ་རན་སིའི་རྒྱལ་ས་པ་རི་སིར་ཡོད་པའི་གྷུའི་མེཊི་འགྲེམས་སྟོན་ཁང་ནས་བོད་དང་འབྲེལ་བའི་དངོས་རྫས་དཀར་ཆག་ཏུ་བོད་ཅེས་པའི་ཐ་སྙད་བསྐྱར་གསོ་ཡོང་ཐབས་སུ་ལས་འགུལ་བ་རྣམས་ནས་ངོ་རྒོལ་མུ་མཐུད་གནང་མུས་རེད་འདུག

ཧྥ་རན་སིའི་རྒྱལ་ས་པ་རི་སིར་ཡོད་པའི་གྷུའི་མེཊི་ (musée Guimet)འགྲེམས་སྟོན་ཁང་གིས་བོད་ཅེས་པའི་ཐ་སྙད་བརྗེ་སྒྱུར་བཏང་བར་ངོས་ལེན་མེད་པའི་ངོ་རྒོལ་རིམ་པ་སྤེལ་ཡོད་པ་ལྟར། འདི་ཚེས་ ༢༣ རེས་གཟའ་ཉི་མའི་ཉིན། ཕ་རི་སི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ་གཉིས་ཀྱི་སྣེ་ཁྲིད་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༥༠ ཙམ་གྱིས་འགྲེམས་སྟོན་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཐེངས་ཉི་ཤུ་རྩ་གསུམ་པ་དེ་སྤེལ་འདུག

WhatsApp Image 2025-03-24 at 00.19.37_046772b4.jpg
ལས་འགུལ་བ་ཚོས་ངོ་རྒོལ་གནང་བཞིན་པ།

ཐེངས་འདིའི་སྐད་འབོད་ལ་མཉམ་ཞུགས་གནང་མཁན་ཁྲོད་ས་གནས་གྲོས་ཚོགས་ཀྱི་མཐུས་མི་དང་། ཧྥ་རན་སིའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་གཙོ་ཟུར་པ་གྷེ་ནི་ཝི་ཝེ་ (Geneviève Garrigos) ལགས་ཡོད་པ་དང་། སྐད་འབོད་ལས་འགུལ་དེ་བཞིན་ཉིན་རྒྱབ་ཆུ་ཚོད་ ༣ ནས་ ༥ བར་དུས་ཡུན་ཆུ་ཚོད་གཉིས་རིང་སྤེལ་འདུག་ཅིང་། འབོད་སྒྲ་གཙོ་བོ་ནི་འགྲེམ་སྟོན་ཁང་གིས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་མ་ཚུད་པར། བོད་ཀྱི་ཅ་དངོས་དག་གི་མིང་བྱང་ཐོག་བོད་ཅེས་པའི་ཐ་སྙད་སྐྱར་གསོ་བྱེད་དགོས་པའི་སྐོར་པེ་རི་སི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ཁྱོག་བཤད་ཀྱི་ལས་འགུལ་མང་དག་ཅིག་རྩོམ་བཞིན་པའི་སྐབས་འདིར། ཕྱི་ལོ་ ༢༠༢༣ ནང་རྒྱ་གཞུང་གིས་གཞུང་འབྲེལ་ཡིག་ཆ་དང་གཞུང་འབྲེལ་གསར་ཁང་ཚང་མས་། བོད་ལ་དབྱིན་ཇིའི་སྐད་ཡིག་ནང་ (TIBET) ཚབ་ཏུ་ཤི་ཙང་ཞེས་བེད་སྤྱོད་བྱ་འགོ་བཙུགས་ཡོད་ལ། དེ་ནས་རིམ་པས་རྒྱལ་སྤྱིའི་འགྲེམས་སྟོན་ཁང་ཁག་དང་། རྒྱལ་ཁབ་གཞན་རྣམས་ཀྱི་གཞུང་འབྲེལ་གསལ་བསྒྲགས་ཁག་ནང་ལའང་ཐ་སྙད་དེ་ལྟར་བཀོལ་སྤྱོད་བྱ་རྒྱུའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་འཐབ་རྩོད་པ་རྣམས་ཀྱིས་སྐྱོན་བརྗོད་བྱས་ཡོད།

WhatsApp Image 2025-03-24 at 00.19.38_9844d79d.jpg
ལས་འགུལ་སྤེལ་བཞིན་པ།

ཡོ་རོབ་ནང་བོད་ཀྱི་ཐ་སྙད་དང་འབྲེལ་ཏེ་རྒྱ་ནག་གི་ཤུགས་རྐྱེན་ཡོད་པ་ནི། སྔ་ལོར་ (Musee de Quais Branly) དང་ (Guimet) འགྲེམས་སྟོན་ཁང་གཉིས་ཀྱིས་བོད་ཀྱི་དངོས་རྫས་འཇོག་ཡུལ་གྱི་མིང་བརྗེ་འགྱུར་བཏང་བ་ལས་རྟོགས་ཐུབ་ཅིང་། སྐབས་དེར་བོད་མི་རྣམས་ཀྱིས་ངོ་རྒོལ་ཞུ་ཏུག་བྱས་རྐྱེན། (Musee de Quais Branly) འགྲེམས་སྟོན་ཁང་གིས་བོད་ཅེས་པའི་ཐ་སྙད་སྐྱར་གསོ་བྱས་ཡོད་ནའང་། Guimet འགྲེམས་སྟོན་ཁང་གིས་ད་ལྟའང་མིང་བྱང་དུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་མུ་མཐུད་བཞག་ཡོད།

གཞི་རྩའི་ཐེངས་འདིའི་སྐད་འབོད་ཀྱི་ལས་འགུལ་དེ་ནི་སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༢༡ ནས་འགོ་བཙུག་ཏེ་ད་ལྟ་ཐེངས་ཉི་ཤུ་རྩ་གསུམ་པ་ཡིན་པ་དང་། ལས་འགུལ་དེ་དག་བརྒྱུད་ཧྥ་རན་སི་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་ཀྱི་གནད་དོན་སྐོར་གླེང་སློང་མང་དུ་ཕྱིན་ཡོད་པ་མ་ཟད། འབྱུང་འགྱུར་ཡང་ས་གནས་སུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མཉམ་རུབ་ཀྱིས་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་པ་རེད་འདུག །

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 





བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎