བོད་རྒྱའི་གྲོས་མོལ་ལྷག་བསམ་རྣམ་དག་ཅིག་ཡོང་མིན་ཐེ་ཚོམ།
2008.07.03
༄༅༎བོད་གཞུང་ཕྱི་དྲིལ་བཀའ་བློན་མཆོག་ནས། བོད་རྒྱའི་གྲོས་མོལ་ལྷག་བསམ་རྣམ་དག་ཅིག་ཡོང་བཟོར་ཐེ་ཚོམ་ཡོད་ལུགས་གསུངས་འདུག།
ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་ལྟར་ན། ཉི་ཧོང་ཁུལ་ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་ཏུ་ཆེད་ཕེབས་གནང་བའི་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ནས་གསར་འགོད་པས་བཅར་འདྲི་དང་ལན་ཞུས་པའི་སྐབས། ད་ལྟའི་ཆར་སྐུ་ཚབ་རྣམས་ཕྱིར་འཁོར་གྱིས་གྲོས་མོལ་ཇི་བྱུང་སྙན་སེང་ཞུས་མེད་སྟབས་གྲོས་མོལ་ཇི་བྱུང་མཁྱེན་རྟོགས་མེད་པས་རྗེས་སུ་བཀའ་མོལ་ཇི་བྱུང་ཤེས་རྟོག་ཡོང་གི་རེད། ཡིན་ནའང་ས་གནས་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོས་གཏམ་བཤད་སྤེལ་སྟངས་ལ་ཞིབ་སྐབས་བོད་ནང་གི་བོད་མི་ཚོའི་དཀའ་ངལ་སེལ་ཐབས་སུ་དགོངས་པ་བཞེས་ཀྱི་མེད་པའི་རྣམ་པ་བསྟན་འདུག། དེ་འདྲ་ཡིན་དུས་གྲོས་མོལ་འདིའི་བརྒྱུད་རིམ་ནས་ལྷག་བསམ་རྣམ་དག་ཅིག་ཡོང་རྒྱུའི་རེ་བ་དེ་ཙམ་མེད་པའི་བཟོ་འདྲ་པོ་ཞིག་འདུག་ཅེས་གསུངས་འདུག། ཡང་ཁོང་གིས། གྲོས་མོལ་སྐོར་ཐེ་ཚོམ་ཡོད་པའི་སྐོར་གསུངས་པ་དང༌། ཆབས་ཅིག་བོད་མི་ཚོའི་ངོས་ནས་བོད་རྒྱ་གཉིས་ཀའི་ཁེ་ཕན་ཆེད་ལམ་དབུ་མའི་ཐབས་ལམ་གྱི་ཐོག་ནས་དཀའ་རྙོག་སེལ་ཐབས་བྱེད་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ད་ཆ་གནས་སྟངས་ག་འདྲ་ཞིག་ཡོང་བཟོ་ཡོད་མེད་རྒྱ་ཕྱོགས་སུ་རག་ལུས་ཡོད་རེད་ལ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ངོས་ལེན་བྱེད་ཀྱི་ཡོད་རེད་ཅེས་གསུངས་འདུག།
ཟླ་བ་འདིའི་ཚེས་གཅིག་དང༌། གཉིས་ཉིན་གཉིས་རིང་བོད་རྒྱའི་སྐུ་ཚབ་དབར་གྲོས་མོལ་ཐེངས་བདུན་པ་དེ་བཞིན་གནང་བཞིན་པའི་སྐབས་སུའང་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་ཀྲང་ཆི་ལིས། ཉེ་ཆར་བོད་ནང་གསུམ་པའི་བཅུ་བཞིའི་ཉིན་དྲག་སྤྱོད་ཐོག་ཟང་ཟིང་གི་གནས་ཚུལ་བྱུང་བ་དེ་ནི་བོད་ནང་སྤྱི་ཚོགས་དང༌། ཆབ་སྲིད་ཀྱི་བརྟན་ལྷིང་ལ་གནོད་སྐྱོན་དང༌། པེ་ཅིང་ཨོ་ལིམ་པིག་ལ་དོ་ཕོག་གཏོང་རྒྱུའི་ཏཱ་ལའི་ཤོག་ཁག་གི་ངན་བྱུས་ཤིག་རེད་ཅེས་སླར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་ཡོད་པ་རེད།