རྒྱ་གར་དུ་བོད་པའི་གནས་སྟངས་དང་འབྲེལ་བའི་འགྲེམས་སྟོན།
2009.10.09
༄༅༎རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་ཀུ་ལུ་མ་ན་ལིའི་ཁུལ་དུ་གནས་སྡོད་བོད་མི་ཚོས་ཀུ་ལུ་རྡུ་སེ་ར་ཟེར་བའི་མི་ཚོགས་ཆེ་བའི་རྒྱ་གར་གྱི་དུས་ཆེན་ཁྱད་པར་ཅན་དེའི་རིང་འདས་པའི་ལོ་ངོ་ལྔ་བཅུའི་རིང་བཙན་བྱོལ་ནང་གི་བོད་མིའི་གནས་སྟངས་སྐོར་པར་གྱི་འགྲེམས་སྟོན་བྱས་པར་ས་གནས་རྒྱ་གར་ཡུལ་མི་སྟོང་ཕྲག་མང་པོ་འགྲེམས་སྟོན་དེར་བལྟ་བར་སླེབས་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཀུ་ལུའི་ཁུལ་གྱི་རྒྱ་གར་ཡུལ་མི་ཚོས་ལོ་ལྟར་བཞིན་ཚུགས་སྲོལ་ཡོད་པའི་རྡུ་སེ་ར་ཟེར་བའི་དུས་ཆེན་དེ་ནི་ཀུ་ལུ་ས་གནས་དེའི་ནང་གི་རྒྱ་གར་དུས་ཆེན་ཆེ་ཤོས་ཤིག་ཡིན་ཞིང་དེར་བརྟེན་ཀུ་ལུའི་ཁུལ་དུ་གནས་སྡོད་བོད་མི་ཚོས་གོ་སྐབས་དེ་བཟུང་སྟེ་ཁ་སྔོན་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་བརྒྱད་ནས་ཕྱི་ཟླ་བཅུ་པའི་ཚེས་བཞི་བར་གཟའ་འཁོར་གཅིག་རིང་གཙོ་བོ་བོད་མི་བཙན་བྱོལ་བ་རྣམས་མི་ལོ་ལྔ་བཅུ་རིང་རྒྱ་གར་གཞུང་དམངས་གཉིས་ཀྱིས་མཐུན་འགྱུར་རོགས་རམ་གནང་བར་བཀའ་འདྲིན་རྗེས་དྲན་ཞུ་བའི་ཆེད་དུ་དུས་ཆེན་དེར་ཕེབས་པའི་ས་གནས་རྒྱ་གར་ཡུ་མི་ཚོར་བོད་ཟས་སོགས་འགྲེམས་སྤེལ་གནང་བ་དང་པ་ཊི་ཀུལ་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཚོས་བོད་ཀྱི་གཞས་སྣ་འཁྲབ་སྟོན་བྱས་པ་མ་ཟད་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་གདན་ཞུ་བྱས་ཏེ་རིན་མེད་ཀྱི་སྨན་བཅོས་བརྟག་དཔྱད་གནང་བ་དང་ཆབས་ཅིག་བཙན་བྱོལ་ནང་དུ་གནས་པའི་བོད་མི་ཚོས་འདས་པའི་མི་ལོ་ལྔ་བཅུ་དེའི་རིང་ལ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པ་བྱུང་བའི་ལོ་རྒྱུས་རྣམས་འདྲ་པར་གྱི་ལམ་ནས་འགྲེམས་སྟོན་བྱས་ཡོད་པ་རེད། རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་བཙན་བྱོལ་བོད་མི་ཚོའི་གནས་སྟངས་སྐོར་གྱི་འགྲེམས་སྟོན་གྱི་ལས་གཞི་དེ་གོ་སྒྲིག་གནང་མཁན་ཀུ་ལུ་བོད་མིའི་གཞིས་ཆགས་ལས་ཁུངས་ཡིན་ཞིང་འདྲ་པར་གྱི་འགྲེམས་སྟོན་དེར་ས་གནས་རྒྱ་གར་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་ ཕྱི་རྒྱལ་བ་སོགས་ཀྱི་དོ་སྣང་ཆེན་པོ་བྱས་པ་མ་ཟད་ཀུ་ལུ་ས་གནས་ཀྱི་རྫོང་དཔོན་གཞོན་པ་སྐུ་ཞབས་སྦི་ཨེམ་ནན་ཊ་གཟིགས་ཞིབ་ཏུ་ཕེབས་ཡོད་པ་དང་དུས་ཆེན་གྱི་ཉིན་མཐའ་མ་དེར་མངའ་སྡེའི་བློན་ཆེན་མཆོག་ཕེབས་པའི་གོ་སྐབས་དང་བསྟུན་ཀུ་ལུ་བོད་མི་བདེ་དོན་དགོན་པོ་བཀྲིས་ལགས་ཀྱིས་ཆེད་དུ་བཅར་ཏེ་འཚམས་འདྲི་དང་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་རེད༎