བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱིས་ཡོ་རོབ་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་འདུག

2023.06.29
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱིས་ཡོ་རོབ་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཡོ་རོབ་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་པ། ༠༦།༢༨།༢༠༢༣
CTA

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཡོ་རོབ་ཁུལ་དུ་བོད་དོན་ཞུ་སྐུལ་གནང་འགོ་ཚུགས་ཡོད་པ་ལྟར། སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཚེས་༢༨ཉིན་ཁོང་ཚོ་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ་ཕེབས་འབྱོར་གྱིས། ཅེག་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Tomas Zdechovky)་ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཡོ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་དང་། བོད་དོན་ཐོག་གྲོས་ཆོད་འཇོག་གནང་ཡོང་བ། ལྷག་པར་དུ་ཡོ་རོབ་སྤྱི་མཐུན་ཚོགས་པའི་ནང་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་སྐྱོང་ཡོང་ཐབས་སོགས་ཀྱི་འབོད་སྐུལ་ཞུས་ཡོད་པ་ངོ་སྤྲོད་གནང་བྱུང་ལ། སྐབས་དེར་ཁོང་གིས་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་སྐོར་དང་། འབྲེལ་ཡོད་སྲིད་གཞུང་ཁག་ལ་ཡང་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་འབོད་སྐུལ་ཞུ་རྒྱུའི་ཞལ་བཞེས་གནང་ཡོད་འདུག
ད་རེས་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་སྐུལ་ཚོགས་ཆུང་ནང་། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་བཅས་ཡོད་པ་དང་། ཁོང་ཚོས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་གནད་ཡོད་མི་སྣ་ཁག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་སྐོར་དང་། དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པའི་གནས་བབ། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ངོ་སྤྲོད་དང་སྦྲགས། ཡོ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་དང་། བོད་དོན་ཐོག་གྲོས་ཆོད་འཇོག་གནང་ཡོང་བ། ལྷག་པར་དུ་ཡོ་རོབ་སྤྱི་མཐུན་ཚོགས་པའི་ནང་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་སྐྱོང་ཡོང་ཐབས་སོགས་ཀྱི་སྐོར་ནས་ཞུ་སྐུལ་གནང་གི་ཡོད་པ་རེད།
སྦེལ་ཇམ་དུ་ཡོ་རོབ་གྲོས་ཚོགས་འཐུས་མི་ཞིག་གི་གོ་སྒྲིག་ཐོག ཁོང་རྣམ་པ་དེ་གའི་ཁོར་ཡུག་གི་འགྲེམས་སྟོན་ཞིག་ལ་གཟིགས་སྐོར་དང་། དེར་སྤྱི་འཐུས་རྣམ་པས་བོད་དོན་ངོ་སྤྲོད་ཀྱི་ཡིག་ཆ་ཁག་ཕུལ་ཏེ། གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་གནང་བར་ལྟར་ན། སྐུ་ཚབ་ཚོགས་ཆུང་དེས་ཕྱི་ཟླ་༧པའི་ཚེས་༢བར་སྦེལ་ཇམ་གཞུང་དང་། ཡོ་རོབ་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་སོགས་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུའི་མཛད་འཆར་ཡོད་པ་རེད།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎