བོད་ནང་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ལག་བསྟར་ཆེད་བཙན་གྱིས་ཚོགས་འདུ་སྐོང་ནས་སློབ་གསོ་རྒྱག་བཞིན་ཡོད་འདུག
2020.05.06
རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཟེར་བ་ལག་བསྟར་དང་འབྲེལ་ནས་བོད་མི་ཚོར་བཙན་གྱིས་སློབ་གསོ་དང་ཚོགས་འདུའི་རིགས་བསྐོང་ཚོགས་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཟེར་བ་དེ། ཉེ་སྔོན་སྤྱི་༥་པའི་ཚེས་༡་ཉིན་དངོས་སུ་ལག་བསྟར་བྱས་ཏེ། བོད་གཞིས་ཀ་རྩེའི་ཁུལ་དུ་མི་རིགས་མཐུན་སྒྲིལ་སྲོལ་ཡིག་དང་འབྲེལ་ནས་རྒྱ་ནག་གཞུང་གིས་བཙན་གྱི་ཚོགས་འདུའི་རིགས་མང་པོ་ཞིག་བསྐོང་ཚོགས་བྱེད་བཞིན་ཡོད་འདུག་ལ། ཚོགས་འདུའི་སྐབས། རྒྱ་རིགས་དང་བོད་རིགས་གཉིས་ཕན་ཚུན་གཉེན་སྒྲིག་བྱ་རྒྱུ་གལ་ཆེན་ཡིན་ལུགས་ཀྱི་བསམ་བློའི་སློབ་གསོ་དང་། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་འབྲེལ་བའི་ཡིག་ཆ་མང་པོ་ཞིག་ཀྱང་བལྟ་ཀློག་བྱེད་དགོས་ཀྱི་ཡོད་པ་བོད་ནས་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་གཞིས་ཀ་རྩེར་གནས་སྡོད་བོད་མི་གཞན་ཞིག་གིས་གསུང་ན། ད་སྐབས་གཞིས་ཀ་རྩེའི་ཁུལ་དུ། གལ་ཏེ་བོད་རིགས་ཤིག་དང་རྒྱ་རིགས་ཤིག་གཉེན་སྒྲིག་བྱས་པ་ཡིན་ཚེ། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁྱིམ་ཚང་ཞེས་མིང་བཏགས་ནས་གཟེངས་རྟགས་སྤྲོད་རྒྱུ་ཡིན་ལུགས་ཀྱི་ཁྱབ་བསྒྲགས་བྱེད་བཞིན་འདུག འོན་ཀྱང་། ང་ཚོའི་ཁྱིམ་ཚང་གིས་རྒྱ་རིགས་མཉམ་དུ་ནམ་ཡང་གཉེན་སྒྲིག་བྱེད་སྲིད་ཀྱི་མ་རེད་ལ། རྒྱ་བོད་གཉིས་བར་ཟ་མ་ཟ་སྟངས་དང་། སྐད་ཡིག གོམས་གཤིས་སོགས་ཆ་ཚང་ཐ་དད་ཡིན་པ་མ་ཟད། ཐ་ན་རྒྱ་མིས་བཟོས་པའི་ཅ་ལག་ལ་ང་ཚོས་ཆ་འཇོག་བྱེད་རྒྱུ་དཀའ་མོ་རེད་ཅེས་དང་། ད་ལྟའི་ཆར་གཞིས་ཀ་རྩེ་ཁུལ་དུ་རྒྱ་རིགས་མཉམ་དུ་གཉེན་སྒྲིག་བྱས་པའི་བོད་རིགས་ཧ་ཅང་ཉུང་ཉུང་ཡིན་ཞིང་། དེ་ཚོར་མཚོན་ན་ཆུང་དུས་ནས་ཕ་མ་ཚོས་སྐད་ཡིག་གཅིག་པ་ཡིན་པའི་རང་མི་རིགས་ཤིག་དང་ལྷན་དུ་གཉེན་སྒྲིག་བྱ་རྒྱུ་གལ་ཆེ་ཡིན་པ་ཡང་ནས་ཡང་དུ་སློབ་གསོ་རྒྱག་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ཉེ་ལམ་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་གྱི་སྲོལ་ཡིག་ཟེར་བ་དེར། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྐྱོན་བརྗོད་ནན་པོ་བྱས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། འདི་གའི་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཟེར་བ་དེར་ཕྱི་ནས་གོ་བ་ཞིག་བླངས་པ་ཡིན་ན། སྙན་པོ་དང་ཡག་པོ་ཡོད་པའི་ཚོར་བ་ཞིག་སླེབས་ཀྱི་ཡོད། ཡིན་ནའང་ད་ལྟ་བོད་ནང་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་གཞི་འདི་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་སོགས་རྩ་མེད་བཏང་སྟེ་བོད་རིགས་རྒྱ་རིགས་ལ་བསྒྱུར་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག
གོང་ཞུས་《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》་ཟེར་བ་ནི། རྒྱ་ནག་གིས་བརྗོད་བཞིན་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་༢༠༢༠་ལོའི་ཟླ་༡་ཚེས་༡༡་ཉིན་གྲོས་འཆམ་བྱུང་བ་དང་། སྲོལ་ཡིག་དེར་ས་བཅད་༨་དང་ནང་གསེས་དོན་ཚན་༤༨་ཡོད་པ་རྒྱ་ནག་གཞུང་གིས་བརྒྱུད་ལམ་ཁག་ལ་ཕྱིར་བསྒྲགས་བྱས་འདུག